ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཞིང་ལ་ཕེབས་ནས་མི་ལོ་སུམ་ཅུ་འཁོར་བའི་རྗེས་དྲན།

ཆབ་མདོ་ངག་ཕུན།

དེ་རིང་ངས་སྙིང་དབུས་ནས་གླེང་སྙིང་འདོད་པ་ནི་བོད་མི་རིགས་ལ་བཀའ་དྲིན་བླ་མེད་ཆེ་བའི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ཡིན་ཞིང་། དེ་ཡང་བོད་མི་ཚོས་ཁ་རྒྱུན་ལས”གནམ་ལ་ཉི་མ་དང་ཟླ་བ། ས་ལ་རྒྱལ་བ་པཎ་ཆེན”ཞེས་ཡོངས་གྲགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་བླ་སྲོག་ལྟ་བུར་ངོས་འཛིན་བྱེད་པ་ཙམ་མ་ཟད། བོད་རིགས་མིན་པའི་གདུལ་བྱ་མང་པོས་དད་གུས་ཧ་ཅང་ཞུ་བཞིན་ཡོད། དེར་བརྟེན་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་ཞིང་ལ་ཕེབས་ནས་མི་ལོ་ ༣༠ འཁོར་བའི་མགོན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།

དེ་ཡང་ཕྱི་ལོ་༡༩༤༩ ལོར་ཤར་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་མི་དམར་པོ་བོད་ཆོས་ལྡན་གྱི་ཞིང་དུ་(༡)”བརྡ་ལན་གང་ཡང་མ་བྱས་པར་གློ་བུར་ཞིག་ལ་རྒྱ་དམར་གྱི་དཔུང་དམག་བོད་དུ་བཙན་འཛུལ་བྱས་པ་རེད།” སྐབས་དེར་རང་གཞུང་གི་ངོས་ནས་མི་ལོ་དགུ་ཙམ་གྱི་རིང་ལ་གུ་ཡངས་གནང་ཡོད་ཀྱང་། རྒྱ་གཞུང་གིས་དེ་ལས་ལྡོག་སྟེ་བོད་མི་རིགས་ཀྱི་གོམས་བཤིས་དང་ཡོངས་སུ་མི་མཐུན་པའི་ལས་དོན་རབ་དང་རིམ་པ་སྤེལ་ཡོད་ཅིང་། བོད་མི་རྣམས་ཀྱི་སེམས་ཁམས་ལ་དོ་ཕོག་ཆེན་པོ་བཏང་ཡོད། མཐར་བོད་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་འོག་ནས་ཕྱི་ལོ་ ༡༩༥༩ ལོར་༸རྒྱལ་བ་རིན་པོ་ཆེས་གཙོས་སྐུ་འཁོར་ཧྲག་བསྡུས་ཤིག་བཙན་བྱོལ་ཕེབས་དགོས་བྱུང་བ་དང་། དུས་དེ་ནས་བཟུང་སྟེ་བོད་ཀྱི་གནས་སྟངས་ཉིན་རེ་བཞིན་ཇེ་སྡུག་ཇེ་ཞེན་གྱུར། རྒྱ་དམར་གུང་ཁྲན་རིང་ལུགས་ཀྱིས་བོད་དྲག་པོས་བཙན་བཟུང་བྱས་པ་ནས་བཟུང་སྟེ་བོད་ཀྱི་ལོ་རྒྱུས་ཐོག་ཏུ་བྱུང་མྱོང་མེད་པའི་གོད་ཆགས་བསམ་ཡུལ་འདས་པ་བཏང་ཡོད། ལྷག་དོན་བོད་ཞི་བའི་ཡར་རྒྱས་གཏོང་རྒྱུ་ཡིན་ཚུལ་སོགས་ལ་རྙེད་བཏགས་ཏེ་དོན་ཚན་བཅུ་བདུན་ཟེར་བ་ཞིག་ཁོ་པ་ཚོས་འདོད་མོས་ལྟར་བཙན་དབང་གིས་བཞག་བཅུག་པ་དང་། མ་ཟད་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་གནས་སྟངས་གང་འདྲ་ཞིག་གི་འོག་ཏུ་བཞག་མིན་(༢)”ཨུ་ཡོན་ལྷན་ཁང་འདི་གསལ་པོ་རང་ཤེས་ཀྱི་མི་འདུག །འདི་ནི་རྟ་ལ་བཞོན་ཚར་པའི་མི་ཞིག་གི་འཇིང་པར་ཡང་བསྐྱར་ཞོན་མཁན་ཞིག་བསྣན་པ་དང་འདྲ་པོ་རེད་”ཅེས་གསལ་དོན་ལྟར་གནས་སྟངས་གང་འདྲ་ཞིག་གི་འོག་བཞག་མིན་རོབ་ཙམ་ཤེས་ཐུབ།

རྗེས་ཕྱོགས་རྒྱ་གཞུང་གིས་གྲོས་མཐུན་དེ་དག་ལའང་སོར་གནས་མེད་པར་བརྡལ་བཤིག་ཡང་ཡང་བཏང་སྟེ་བོད་ལ་རིག་གནས་བརྗེ་ཟེར་བའི་ཆེས་གདུག་རྩུབ་ཅན་གྱི་ལས་འགུལ་དངོས་སུ་སྤེལ་ནས་(༣)”དད་ལྡན་སེར་སྐྱ་མི་དམངས་རྣམས་ལ་རང་ཁྱིམ་དུ་རྒྱལ་བའི་སྐུ་གསུང་ཐུགས་རྟེན་ཉར་མི་ཆོག་པ་དང་། ཁང་སྟེང་དུ་དར་ལྕོག་འཛུགས་མི་ཆོག་པ། ལུས་ལ་གའུ་དང་སྲུང་མདུད་བཏགས་མི་ཆོག་པ། ཞབས་རིམ་དང་གསང་གསོལ་བྱེད་མི་ཆོག་པ། འཕགས་པ་དགེ་འདུན་ལ་བསྙེན་བཀུར་དང་ངན་སློང་ལ་སྦྱིན་པ་གཏོང་མི་ཆོག་པ། གནས་མཇལ་སོགས་ཚོགས་གསོག་རྣམ་དཀར་དགེ་སྦྱོར་གྱི་བྱ་བ་ཀུན་བཙན་བཀག་བྱས་ཤིང་།” དེ་འདྲའི་ལས་འགུལ་ཐབས་སྡུག་ཅན་སྤེལ་ཡོད་པ་རེད་ལ། བོད་ཀྱི་རིག་གནས་གཏོར་བཤིག་གཏོང་ཆེད་བོད་ཀྱི་བརྡ་སྤྲོད་དང་ཁྱོན་ནས་མི་མཐུན་པ་བཟོས་ཡོད། (༤)”ལོ་ངོ་སྟོང་ཕྲག་རིང་སྔོན་བྱོན་མཁས་པ་ཁྲི་ཕྲག་གིས་འབད་འབུངས་ཀྱིས་གསར་བཏོད་མཛད་དེ་ཤུལ་དུ་བཞག་པའི་བརྡ་སྤྲོད་ཀྱི་ནུས་པ་དང་། གཅིག་འགྱུར་རང་བཞིན། གོ་བདེ་དོན་ཟབ་ཀྱི་ལེགས་ཆ་བཅས་གང་ཐད་ནས་མི་དམན་པའི་བོད་ཡིག་དེ། རྒྱུ་མཚན་མེད་པར་ཝ་སྐྱེས་སེང་གེར་རློམས་མཁན་གྱིས་རང་འདོད་ལྟར་རྩེད་མོ་བརྩེས་པ་ནི་ཧ་ཅང་མི་འོས་པ་ཞིག་རེད་”ཅེས་བོད་ཀྱི་ཤེས་རིག་ཐོག་ཏུ་རྒྱ་གཞུང་གི་བྱེད་སྟངས་ལ་ངོ་རྒོལ་མཐའ་གཅིག་ཏུ་གནང་ཡོད།

༡༽ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་གི་ཤོག་གྲངས། ༡༠༥ ནང་ལ་གསལ། ཤེས་པར་གྱི་པར་སྐྲུན་བྱས།

༢༽ བོད་མི་གསར་བརྗེ་བ་ཞིག ཤོག་གྲངས། ༢༢༨ ནང་ལ་གསལ། བོད་ཀྱི་དུས་བབ་ཀྱི་པར་སྐྲུན་བྱས།

༣༽ པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་པའི་རྣམ་ཐར། ཤོག་གྲངས། ༡༡༣ ནང་ལ་གསལ། པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་ནས་པར་སྐྲུན་བྱས།

༤༽ ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་ཤོག་གྲངས། ༨༥ ནང་ལ་གསལ། བོད་གཞུང་བདེ་སྲུང་བོད་གནས་ཉམས་ཞིབ་ནས་པར་སྐྲུན་བྱས།

དེ་འདྲ་ལས་དོན་བོད་མི་རིགས་ཀྱི་སྲོལ་རྒྱུན་གོམས་གཤིས་དང་ཡོངས་སུ་མི་མཐུན་པའི་ལས་དོན་ཐབས་སྡུག་སྤེལ་ཡོད། སྐབས་དེར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་སྲོག་ལ་འཇིགས་ཞུམ་མེད་པར་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་དེ་དག་སྐྱོབས་ཐབས་ལས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་སྲིད་བློན་གྱི་མཚན་ཐོག་ལ་སྙན་ཞུ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་ཡོད་ཅིང་། (༡)”སྙན་ཞུ་དེ་དག་མཐོང་བ་དང་མའོ་ཙེ་ཏུང་འཚིག་པ་ཟོས་ཏེ་སྙན་ཞུ་དེར་ལོག་སྤྱོད་དབང་འཛིན་པས་དམར་ཤོག་ཏང་ལ་འཕངས་པའི་”དུག་མདའ་”ཞེས་མིང་འདོགས་བྱས།” སྙན་ཞུ་དེར་ཞིབ་འཇུག་བྱེད་ཁུལ་བྱས་ཏེ་བོད་ནང་ལ་ལས་དོན་གནང་ཕྱོགས་ལ་ལས་དོན་རིམ་པ་བྱེད་བཞིན་པའི་རྣམ་པ་སྟོན་ཡོད་ཀྱང་། དོན་དངོས་ཐོག་༸ཀུན་གཟིགས་༸པཎ་ཆེན་རིན་པོ་མེད་པ་བཟོ་ཆེད་དུ་(༢)”ཏང་གི་རྒྱུན་ལས་རྒྱས་འཛོམས་ཚོགས་འདུ་སར། མའོ་ཙེ་ཏུང་གིས། འཐབ་ཕྱོགས་གཅིག་འགྱུར་ཁང་གིས་གྲལ་རིམ་འཐབ་རྩོད་མི་བྱེད་པར། མགོ་འདོགས་རིང་ལུགས་བྱེད་ཀྱི་འདུག་ཅེས་དང་། ཀྲང་ཅིན་ཝུ་ལ་ཁྱོད་ཚོས་པཎ་ཆེན་མི་རིགས་ཀྱི་འགོ་ཁྲིད་ཅིག་ཏུ་གསོ་སྐྱོང་བྱེད་བསམ་ཡོད་མོད། ངས་བལྟས་ན། ཁོས་འགོ་ཁྲིད་བྱེད་ཐུབ་རྒྱུ་མ་རེད་ཅེས་བཤད། སྐབས་དེར་འགན་འཛིན་གཞན་ཞིག་གིས། ལི་ཝེ་ཧན་གྱིས་མི་དེ་དག་གཅེས་ལངས་བཏང་བ་རེད། པཎ་ཆེན་གྱི་རྔ་མ་གནམ་ལ་བསྐྱགས་ཤིང་། UG-2 གནམ་གྲུ་ལས་ཀྱང་མཐོ་ཡི་རེད་”ཅེས་བཤད་ནས་༸ཀུན་གཟིགས་པཎ་ཆེན་པོ་རི་ཆེ་མཆོག་ལ་དམའ་འབེབས་དང་མཐོང་ཆུང་ཁྱད་གསོད་སོགས་བྱས་ཏེ་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་གིས་སྣེ་ཁྲིད་དེ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེར་ངོ་རྒོལ་བྱེད་དགོས་པའི་བརྡ་ངན་བསྟན་དོན་ལྟར།   དེ་ནས་དངོས་སུ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ལ་མ་ཉེས་ཁ་གཡོག་འདྲ་མིན་བཀལ་ནས་(༣)”བོད་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ནས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་ཉེ་ལམ་སྲིད་གྲོས་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ལ། ནོར་འཁྲུལ་ཆེན་པོ་ཤོར་བ་བོད་མིའི་སྐྱོན་བརྗོད་བྱེད་འགོ་ཚུགས་པ་དང་། དེར་ངོས་ལེན་གནང་དགོས་པའི་སྐོར་བཤད་པར། ཀུན་གཟིགས་མཆོག་གིས་ནོར་འཁྲུལ་ཡིན་པ་ཁས་ལེན་རྩ་བ་ནས་མ་གནང་བ་མ་ཟད། འགན་འཛིན་མི་དེ་རྣམས་ལ་དེ་ལས་ལྡོག་སྟེ་བདེན་དོན་གསལ་བཤད་གནང་བ་དང་འབྲེལ། རྩོད་གླེང་ཡང་དྲག་པོ་གནང་”སྟེ་ངོས་ལེན་གནང་མེད་པ་རེད།

དེ་ནས་རིམ་གྱིས་(༤)”བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཀྱི་དམར་སྲུང་དམག་ཟེར་བའི་བསམ་མེད་ཀླ་ཀློ་ཁ་ཅིག་པེ་ཅིང་ལ་སོང་སྟེ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་། རྒྱལ་སའི་མཐོ་སློབ་ཁག་གིས་དམར་སྲུང་དམག་མཉམ་སྦྲེལ་གྱིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་ལ་དབུ་ཉེས་འཐབ་རྩོད་བྱེད་དགོས་པའི་སྐད་འབོད་བསྒྲགས་”པ་དང་། མཚན་མོ་གཟིམས་ཤག་ཏུ་འཛུལ་ནས་རླངས་འཁོར་ཞིག་གི་ནང་ལ་བཙན་ཁྲིད་བྱས་ཏེ་(༥)”མགོན་པོ་གང་གི་སྐུ་སའི་གསེང་ནས་ཐག་པ་མི་མངོན་པར་གྱུར་བའི་བར་དམ་དུ་བཀྱིགས་པ་”སོགས་མི་ཆོས་ལས་འདས་པའི་སྡུག་སྦྱོང་དང་འཐབ་འཛིང་ཚད་མེད་བཏང་བ་རེད། རྒྱ་ནག་དམར་གཞུང་གིས་བོད་ཕྱོགས་ལ་འཛིན་པའི་སྲིད་ཇུས་ཐབས་སྡུག་དེ་དག་ང་ཚོ་བོད་རིགས་ཡོངས་ཀྱི་བུ་རབས་ཚ་རྒྱུད་རྣམས་ཀྱི་སྙིང་དབུས་ནས་ནམ་ཡང་བརྗེད་མི་སྲིད་ལ། བརྗེད་ཐབས་མེད་པའི་གནད་དོན་ཞིག་ཡིན་པ་རེད།

༡༽ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ། ཤོག་གྲངས། ༣༩༣ ནང་ལ་གསལ། མདོ་སྨད་ཆོལ་ཁ་ནས་པར་སྐྲུན་བྱས།

༢༽ ཡིག་འབྲུ་ཁྲི་བདུན་གྱི་སྔོན་གླེང་། ཤོག་གྲངས། ༢ ནང་ལ་གསལ། བོད་གཞུང་བདེ་སྲུང་བོད་གནས་ཉམས་ཞིབ་ནས་པར་སྐྲུན་བྱས།

༣༽ པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་པའི་རྣམ་ཐར། ཤོག་གྲངས། ༡༢༤ ནང་ལ་གསལ། པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་ནས་པར་སྐྲུན་བྱས།

༤༽ པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་པའི་རྣམ་ཐར། ཤོག་གྲངས། ༡༤༡ ནང་ལ་གསལ།པར་སྐྲུན་གོང་མཚུངས།

༥༽ པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་པའི་རྣམ་ཐར། ཤོག་གྲངས། ༡༤༡ ནང་ལ་གསལ། པར་སྐྲུན་གོང་མཚུངས།

མཐར་རྒྱ་ནག་དམར་པོའི་བཙོན་ཁང་དུ་བོད་མི་རིགས་དང་ཡང་སྒོས་སངས་རྒྱས་བསྟན་པའི་དོན་དུ་༸ཀུན་གཟིགས་༸པཎ་ཆེན་པོ་ཆེ་མཆོག་བཞུགས་དགོས་བྱུང་ནའང་། ད་དུང་འཇིགས་ཞུམ་སྤུ་ཙམ་མེད་པའི་བོད་མི་རིགས་ཀྱི་བདེན་པའི་དར་ཆེན་འཕྱར་གནང་མཛད་ཡོད། རིམ་གྱིས་བཙོན་གྲོལ་ཐུབ་པའི་རྗེས་(༡)”ཞོགས་པའི་ཞལ་ལག་མཆོད་གྲུབ་རྗེས་སྐུ་ངལ་མ་འཛེམས་པར་དུས་ཚོད་དམ་འཛིན་གྱིས་ཆོས་སྲིད་ཀྱི་དཔེ་དེབ་སྣ་མིན་སྣ་ཚོགས་ལ་གཟིགས་པ་དང་། དེའི་ནང་ནས་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་གནད་དོན་སྐོར་དཔེ་དེབ་མང་པོ་གཟིགས་ཡོད། མཚམས་རེ་སྐུ་རྐྱང་ཁྲོམ་གཞུང་ལ་ཚལ་རིགས་དང་ཉོ་ཆ་ཙག་ཙིག་སྐྱོན་པར་ཕེབས་པ་སོགས། མདོར་ན་པེ་ཅིང་དུ་མི་སེར་དཀྲུས་མ་ཞིག་གི་འཚོ་བར་རོལ་ནས་བཞུགས་དགོས་བྱུང་ཡོད།” ཁོང་ནི་རྒྱ་ནག་དམར་པོའི་རིང་ལུགས་ཀྱི་ཅི་ལབ་ལ་མགོ་བོ་མི་སྒུར་མཁན་དང་། བོད་མི་རིགས་ལ་ཞེན་པ་དུང་ལྟར་དཀར་བའི་སྐྱེ་ཆེན་དམ་པ་ཞིག་ཀྱང་ཡིན།

ལྷག་པར་རྒྱ་གཞུང་གིས་བོད་ཀྱི་གནད་ཡོད་མི་སྣ་ཕུན་དབང་ལ་སོགས་མེད་པ་བཟོ་ཐབས་ཀྱི་ཆེས་གདུག་རྩུབ་ཆེ་པའི་བཙོན་ཁང་ལ་བཅུག་སྟེ་སྡུག་སྦྱོང་འདྲ་མིན་སྣ་ཚོགས་བཏང་ཡོད། ཁོང་རྣམས་མི་ལོ་དེ་ཙམ་ཞིག་གི་རིང་ལ་རྒྱའི་བཙོན་ཁང་ལ་བཞུགས་དགོས་བྱུང་བ་དེ་དག་བོད་མི་རིགས་ཀྱི་རྩ་དོན་ཁོ་ན་ཆེད་ཡིན་པ་ལས་རང་ཉིད་སྒེར་དོན་གཏན་ནས་མིན་པ་ང་ཚོ་ཚང་མས་ངེས་པར་ཤེས་དགོས་ཀྱི་འདུག་སྙམ། རྒྱ་དམར་གྱིས་བཙོན་ཁང་ནང་ལ་སྡུག་སྦྱོང་མནར་གཅོད་དེ་ཙམ་བཏང་ཡོད་ཀྱང་འཇིགས་ཞུམ་མེད་པར་བོད་མི་རིགས་ཀྱི་གནད་དོན་བརྩད་ཡོད་པ་དང་། ཁོང་རྣམས་ནི་ང་ཚོའི་སྙིང་དབུས་ཀྱི་གུས་བཀུར་ཞུ་འོས་པའི་མི་སྣ་ཤ་སྟག་ཡིན། ༸ཀུན་གཟིགས་མཆོག་ནས་(༢)”ངའི་གྲོགས་པོ། ངེད་གཉིས་ཀྱིས་ང་ཚོའི་མི་རིགས་ལ་ཕན་འདོགས་བྱེད་འདོད་བཅངས་པའི་རྒྱུ་མཚན་གྱིས། ངེད་གཉིས་ཀ་ལོ་མང་བཙོན་ཁང་དུ་བཅུག་པ་རེད། ཁྱོད་ཀྱིས་ལོ་བཅོ་བརྒྱད་བཙོན་ཁང་ནང་བསྐྱལ་བ་དང་། ང་ལོ་བཅུ་ལྷག་བཀག་ཉར་བྱས་བྱུང་། ངེད་གཉིས་ཀྱིས་ང་ཚོའི་མི་རིགས་ཀྱི་ལས་དོན་བསྒྲུབས་པ་ཁོ་ན་ལས། ཁྲིམས་འགལ་གྱི་ལས་ཀ་གང་ཡང་བྱེད་མ་མྱོང། ང་གློད་གྲོལ་བྱས་མ་ཐག་ཡིན་པས་དབང་ཆ་མེད། དེར་བརྟེན་ཁྱོད་ལ་ཆབ་སྲིད་ཀྱི་རོགས་རམ་བྱ་རྒྱུ་དཀའ་ལས་ཁག་པོ་འདུག་”ཅེས་གསུང་པ་ལྟར་རེེད།

ཕྱི་ལོ་ ༡༩༧༨ ལོར་རྒྱ་ནག་ཏུ་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཚོགས་ཐོག་ཏུ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེས་གསུང་བཤད་གནང་དོན། (༣) “རང་ཅག་འདིར་བཞུགས་པའི་ལྷན་རྒྱས་མང་པོར་མ་ཉེས་ཁག་གཡོགས་ཀྱིས་རྡུང་རྡེག་དང་། མནར་གཅོད་ཚད་མེད་ཕོག་པ། ཐ་ན་བཙོན་ཁང་ལའང་ཚུད། རང་ཅག་ནི་ཕྱིར་མངོན་གསལ་དོད་པའི་མི་སྣ་ཆེ་གྲས་ཡིན་པ་དང་། སྤྱི་ཚོགས་སྟེང་སྙན་གྲགས་ཅུང་ཟད་ལྡན་པས་མི་རྣམས་ཀྱིས་བརྗེད་མི་སྲིད། མ་ཉེས་ཁ་གཡོགས་ཕོག་ཀྱང་ཡོ་བསྲང་བྱེད་པ་ལས་སླ། འོན་ཀྱང་གཡོན་གྱི་ནོར་འཁྲུལ་གྱིས་རྒྱ་ཆེའི་མང་ཚོགས། སྤྱིར་བཏང་ལས་བྱེད་པ། དེ་བཞིན་ས་ཐག་རིང་བའི་ཞིང་འབྲོག་ཁུལ་དུ་མ་ཉེས་ཁག་གཡོགས་ཀྱིས་གྱོད་གཞིའི་ནོར་འཁྲུལ་མང་དག་བཟོས་”ཞེས་སོགས་ཐུགས་སྟོབས་ཞུམ་ནས་བཞུགས་གནང་མ་མཛད་པར་བོད་ཁུལ་གྱི་དངོས་ཡོད་ཀྱི་གནས་སྟངས་དེ་དག་ཀྲུང་དབྱང་གི་འགོ་ཁྲིད་ཚོའི་མདུན་དུ་འཇིགས་ཞུམ་མེད་པ་དངོས་སུ་གསུང་གནང་མཛད་ཀྱི་ཡོད།

༡༽ པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་པའི་རྣམ་ཐར། ཤོག་གྲངས། ༡༥༣ ནང་ལ་གསལ། པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་ནས་པར་སྐྲུན་བྱས།
༢༽ བོད་མིའི་གསར་བརྗེ་བ་ཞིག །ཤོག་གྲངས། ༤༢༢ བོད་ཀྱི་དུས་བབ་གསར་ཁང་ནས་པར་སྐྲུན་བྱས།

༣༽ པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་པའི་རྣམ་ཐར། ཤོག་གྲངས། ༡༥༥ ནང་ལ་གསལ། པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ནས་ཁང་པར་སྐྲུན་བྱས།

བོད་ལ་ཆབ་སྲིད་ཕྲན་བུ་གུ་ཡངས་ཀྱི་རྣམ་པ་མངོན་ཡང་ད་དུང་རྒྱ་ཆེའི་ཞིང་འབྲོག་མི་དམངས་རྣམས་བློ་ཡིད་ཆེས་ཀྱི་མེད། ས་ཁུལ་འགའ་ཤས་ནས་མི་རྣམས་དགོན་པར་འགྲོ་ནུས་ཀྱི་མེད་ཅིང་། རིམ་གྱིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀའ་སློབ་དེ་དག་ལ་བརྟེན་ནས་བོད་མི་རིགས་ཀྱི་སེམས་ཁམས་ལ་གདེངས་སྦོབས་གསར་པ་རྙེད་ཅིང་། བོད་ཁུལ་གྱི་དགོན་སྡེ་ཁག་དེ་སྔོན་གཏོར་བཤིག་ཟིན་པ་རྣམས་བསྐྱར་དུ་གཞིག་གསོ་རིམ་གྱིས་གནང་། ལྷག་དོན་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ལྷ་གདན་གཙུག་ལག་ཁང་དང་། ཕོ་བྲང་པོ་ཏཱ་ལ། གདན་ས་ཆེན་པོ་འབྲས་སྤུངས་དང་སེ་ར་བཅས་སུ་བཀའ་དྲིན་བསྐྱངས་གནང་མཛད་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་འབད་བརྩོན་གནང་དོན་དགོས་པའི་ཆོས་སྲིད་ཀྱི་བཀའ་སློབ་རིམ་པ་གནང་ཡོད། ནོར་བུ་གླིང་གའི་ཕོ་བྲང་གསར་པ་རྟག་བརྟན་མི་འགྱུར་ཕོ་བྲང་དུ་གནས་གཟིགས་ལ་ཕེབས་སྐབས། སྐུ་འཁོར་རྣམས་ལ་(༡)”༸རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་དང་ངོས་གཉིས་ནི། སངས་རྒྱས་བསྟན་པའི་རྗེས་འཇུག་པ་ཞིག་ཡིན་ལ། ལོ་རྒྱུས་ཐོག་ཞྭ་སེར་བསྟན་པའི་ཤིང་རྟའི་སྲོལ་འབྱེད་རྗེ་ཙོང་ཁའི་པ་བློ་བཟང་གྲགས་པའི་ཆོས་རྒྱུད་འཛིན་མཁན་མཆེད་གྲོགས་དམ་པ་ཞིག་ཀྱང་ཡིན་པས། རྒྱང་ཐག་རིང་པོར་བཞུགས་པའི་༸རྒྱལ་བ་ཐམས་ཅད་མཁྱེན་པ་ཞེ་དྲག་དྲན་གྱི་འདུག་”ཅེས་གསུངས་གནང་མཛད་ཡོད་པ་རེད།༸རྒྱལ་བ་རིན་པོ་ཆེ་མཆོག་ལ་དེ་འདྲའི་དད་གུས་ཡོད་པ་ནི་འགྲེལ་བརྗོད་མ་དགོས་པ་ཞིག་རེད་སྙམ།

དེ་བཞིན་བོད་ཀྱི་རིག་གནས་འཕེལ་རྒྱས་གཏོང་ཕྱོགས་སྐོར་ལ་གསུང་དོན། (༢)”སོ་སོའི་མི་རིགས་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད་བྱ་རྒྱུ་འདི་ནི་ཤིན་ཏུ་གལ་གནད་ཆེན་པོ་ཆགས་ཡོད་པ་དང་། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུར་ཀྲུང་དབྱང་ནས་ས་གནས་བར་གྱིས་བཤད་པ་ཙམ་ལས། དོན་དངོས་སུ་ལག་ལེན་དུ་བསྟར་མེད།” ཅེས་དང་། “ངོས་ཀྱི་བསམ་པར་རང་ཅག་ཚོས་ཕྱི་རྒྱལ་ལ་མིག་དཔེ་བལྟས་ཏེ་སློབ་སྦྱོང་བྱེད་དགོས་ངེས་ཀྱང་། གཙོ་བོ་ཁོང་ཚོའི་ཡར་ཐོན་གྱིས་ལག་རྩལ་དང་། །ཚན་རིག་དང་མཐུན་པའི་འཛིན་སྐྱོང་བྱེད་སྟངས་དེ་ཚོར་སློབ་སྦྱོང་བྱེད་དགོས་”ཞེས་གསུང་ཡོད་པ་དང་། ལྷག་པར་ཆབ་མདོ་དགོན་པར་༸ཀུན་གཟིགས་པཎ་ཆེན་པོ་ཆེ་མཆོག་ཕེབས་པ་དང་། སྐབས་དེ་དུས་བོད་རིགས་ཡིན་ཚད་ཚང་མས་བོད་ཆས་ཁ་གཙང་གྱོན་ནས་ཡོང་དགོས་པ་དང་། རྒྱ་རིགས་ཡིན་པ་ཚང་མས་རྒྱ་ཆས་གྱོན་ནས་ཡོང་དགོས་ཚུལ་བསྒྲགས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཇལ་ཁ་ཞུ་བར་ཡོང་མཁན་དབྱར་ཁའི་ཤ་མོང་བརྡོལ་བ་ནང་བཞིན་ཆབ་མདོའི་གཡས་གཡོན་གྲོང་གསེབ་ཁག་གང་ས་ནས་ཡོང་ཞིང་། སྐབས་དེར་བོད་རིགས་ན་གཞོན་གཉིས་ཀྱི་ལུས་ལ་ལྭ་བ་དཀར་པོའི་ཕྱུ་པའི་མཐའ་ལ་མགོ་སྣམ་གྱིས་མཐའ་ཤན་རྒྱབ་པ་མི་དམངས་དཀྱིལ་ལ་ལངས་བསྡད་པ་༸ཀུན་གཟིགས་༸པཎ་ཆེན་པོ་ཆེས་གཟིགས་ཏེ་ཁོ་གཉིས་ཡར་སྐད་བཏང་སྟེ་ཐུགས་དགྱེས་ཚོར་ཆེན་པོས་ཕོ་གསར་དེ་གཉིས་ལ་གསོལ་རས་གནང་སྐད།

ལྷག་པར་སྐབས་དེ་དུས་ཆབ་མདོ་ནས་ཡར་ཙམ་འགྲོ་ས་འཕགས་ཆེན་སྐུ་ཕྲེང་རིམ་བྱོན་དབྱར་སྐྱིད་ལ་ཕེབས་གནས་ཐང་དཀར་སྟེང་ཞེས་གླིང་ཁ་ཡོད་པ་དེར་ཕེབས་རྒྱུར་གནད་ཡོད་ཁག་གི་གྲ་སྒྲིག་རྒྱས་པ་བྱས་ཡོད་པ་འདྲ། ས་གནས་དེར་ཕེབས་ལམ་གློ་བུར་དུ་གྲ་སྒྲིག་གང་ཡང་བྱས་མེད་པའི་ལམ་ཟུར་གྱི་གྲོང་གསེབ་ཁྱིམ་ཚང་ཞིག་ལ་ཕེབས། གྲོང་གསེབ་ཀྱི་ཁྱིམ་དེས་ཐབ་ཀྱི་སྣོད་ནང་ལ་ཡུང་མ་བཀོལ་བཞག་ཡོད་པ་འདྲ་བས། དེ་རིན་པོ་ཆེ་མཆོག་གིས་སྣོད་ཀྱི་ཁ་གཅོད་ཕྱེས་ཏེ་ཟ་རུ་ཕྱག་གིས་བསྣམས་ནས་དཀྲུག་དཀྲུག་གནང་སྐད། འདི་ནི་བོད་ཀྱི་ཁ་ལག་སྐྱོ་ཤོས་རེད་ཅེས་གསུང་ཚུལ་དང་། ཁྱིམ་ཚང་དེས་གནས་སྟངས་མཐོང་དུས་ཧ་ཅང་ཐུགས་ཕམ་བྱུང་སྐད་འདུག དེ་བཞིན་མཆོད་བཤགས་ཤིག་ཡོད་པ་འདྲ་བས། དེར་ཕེབས་གནང་མཛད་ནས་ཐུགས་སྨོན་གནང་བ་དང་། སྟོན་པའི་སྐུ་བརྙན་ཞིག་ཀྱང་བྱིན་རྟེན་ཆེད་དུ་གནང་སྐད། མི་ཚོས་རྗེས་མ་སྐུ་ཡི་ཡང་སྲིད་ཁྱིམ་ཚང་དེར་འཁྲུངས་ཀྱི་རེད་ཅེས་རྒན་རབས་རྣམས་ལབ་གླེང་བྱེད་པ་མཐོང་མྱོང་ཡོད།

དེ་བཞིན་སློབ་གྲྭ་ཞིག་ལ་གཟིགས་སྐོར་ཕེབས་པ་དང་། སློབ་གྲྭ་དེར་རྒྱ་ཡིག་མ་གཏོགས་བོད་ཡིག་དེ་ཙམ་ཞིག་སློབ་ཀྱི་མེད་པ་འདྲ། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཕེབས་དུས་བོད་ཕྲུག་རྣམས་ཀྱི་རྒྱ་ཡིག་ཀློག་བསྡད་སྐབས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་བོད་ཡིག་ཀློགས་ཤིག་གསུང་དུས་བོད་ཕྲུག་དེ་དག་གིས་བོད་ཡིག་སློབ་མ་བྱུང་ཀློག་ཤེས་ཀྱི་མེད་ཚུལ་ཞུས་དུས་ཀུན་གཟིགས་པཎ་ཆེན་པོ་ཆེ་ཤིན་ཏུ་ནས་དགོངས་པ་ཚོམས་ནས་དགེ་རྒན་རྣམས་ལ་བོད་མི་ལ་བོད་ཡིག་མི་སློབ་པའི་རྒྱུ་མཚན་གང་ཡིན་པ་ཞེས་ཤེད་ཤེད་བཏང་བ་རེད་ཅེས་མིས་ངག་ལས་ཐོས་མྱོང་ཞིང་། དེ་དག་ནི་དངོས་གནས་ཡིན་མིན་ནི་མི་ཤེས། མི་ཚོས་ངག་ལམ་ནས་ཐོས་མྱོང་ཡོད། དུས་དེ་ནས་བཟུང་སྟེ་བོད་ཡིག་གཙོ་འདོན་གནང་ནས་སློབ་ཁྲིད་གནང་གི་ཡོད་ཚུལ་བརྗོད་མཁན་བྱུང་། དེ་འདྲའི་བོད་རིགས་དང་བོད་རིགས་ཀྱི་ཆོས་དང་རིག་གཞུང་དོན་དུ་སྐུ་ངལ་འཛེམས་མེད་སྐྱོན་གནང་མཛད་ཡོད་ལ། བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་ཀྲུང་དབྱང་གི་འགོ་ཁྲིད་ཚོའི་མདུན་དུ་དཔའ་ངལ་ཞུམ་མེད་ཀྱིས་རྩོད་ལེན་གནང་ཐུབ་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་ཀྱང་། ཁོང་གིས་གསུང་ལས། “ལས་ལ་བརྩོན་ཞིང་དཔལ་ངར་ལྡན་པའི་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་རྣམས་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ངའི་ལོ་རྒྱུས་ནང་མི་འཇོག་པས་དམ་བཅའ་བཞག་ཡོད་”ཅེས་གསུང་དོན་ལྟར། དམ་བཅའ་བཞག་པ་ཇི་བཞིན་ཉིན་མཚན་དུས་དྲུག་ལ་བོད་མི་རིགས་ཀྱི་ལས་དོན་ཁོ་ནར་སྐུ་ངལ་ཚད་མེད་བསྐྱོན་གནང་མཛད་ཡོད།

བཀའ་དྲིན་ཅན་གྱི་རིན་པོ་ཆེ་ལགས། ཁྱེད་ཕེབས་པ་སྔ་གྲགས་སོང་། དེང་སྐབས་ཁྱོད་དངོས་གནས་ཧ་ཅང་དྲན་གྱིན། རང་རེའི་ཀླད་མེད་བྱབས་ཆུང་འགའ་རེས་རིན་པོ་ཆེ་མཆོག་ལ། ཚོང་པ་དང་། ཚོང་པ་བརྒྱགས་པ་ཟེར་བ་སོགས་དམའ་འབེབས་སྣ་ཚོགས་བྱས་ཡོད་ཅིང་། དེ་འདྲའི་བྱེད་ཐབས་སྐྱོ་བ་ཨང་། གློ་སྙིང་བྲང་གསུམ་གྱི་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་འབད་བརྩོན་གནང་མཁན་གྱི་སྐྱེས་ཆེན་དམ་པ་ཞིག་ལ་དེ་འདྲ་ལབ་པ་ནི་དངོས་གནས་ངོ་ཚ་ཁྲེལ་གཞུང་མེད་པ་རེད། ཁོང་ལྟ་བུར་རླབས་ཆེན་གྱི་སྐྱེས་བུ་དམ་པ་ཞིག་ལ་དེ་འདྲའི་ལབ་ནུས་པ་ནི་བོད་མི་དེ་དག་གིས་སྙིང་ཁམས་ཆེ་བ་ཨང་། མདོར་ན་ཁོང་གིས་བོད་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་གྱི་ཆེད་དུ་ངལ་བ་འཛེམས་མེད་ཀྱིས་སྐུ་ལས་སྐྱོན་གནང་མཛད་ཡོད་ཅིང་། དེར་བརྟེན་ནས་ཁོང་ལ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་བྲིས་པ་ཞིག་ཡིན་པས་སྐྱོན་དང་ནོར་འཁྲུལ་ཡོད་ཚེ་ཀློག་པ་པོ་རྣམས་ལ་དགོངས་འགལ་མེད་པར་མཛོད། ཅེས་པ་འདི་ནི་ཆབ་མདོ་ངག་ཕུན་གྱིས་ཕུལ།

༡༽ པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་པའི་རྣམ་ཐར། ཤོག་གྲངས། ༡༨༤ ནང་ལ་གསལ། པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་ནས་པར་སྐྲུན་བྱས།
༢༽ པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་པའི་རྣམ་ཐར། ཤོག་གྲངས། ༢༦༩ ནང་ལ་གསལ། པར་སྐྲུན་གོང་མཚུངས།

བསྐྱར་བཅོས།: ༢༠༡༩/༠༢/༡༢

Leave a Reply