ཨ་རིའི་ནང་མོལ་ལ་འགྲིག་མཐུན་བྱུང་ཡོད་འདུག

ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཆེས་མཐོའི་དབུ་འཁྲིད་བར་ནང་མོལ་བྱས་པར་གྲུབ་འབྲས་ཐོན་ནས་མ་འོངས་པར་གཞུང་གི་ལས་ཁུངས་ཁག་སྒོ་རྒྱག་མི་དགོས་པར་འགྲིག་མཐུན་བྱུང་ཡོད་འདུག 

དེ་རིང་ཕྱི་ཚེས་ ༡༢ ཉིན། རྒྱལ་སྤྱིའི་གསལ་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་བདུན་ཕྲག་གཅིག་ལྷག་གི་རིང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཆེས་མཐོའི་དབུ་འཁྲིད་དང་སྐུ་ཚབ་བར་ཨ་རིའི་གཞུང་སྒོ་བརྒྱབ་པ་དང་མེག་སི་ཁོའི་གྱང་རའི་གནད་དོན་སོགས་ཀྱི་སྐོར་ནས་ནང་མོལ་རིམ་པར་བྱས་ཡོད་པ་དང་།  ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོ་ཙམ་ལ་ཕྱོགས་གཉིས་བར་འགྲིག་མཐུན་བྱུང་ཡོད་པ་ཕྱི་བསྒྲགས་བྱས་ཡོད་འདུག

ཐེངས་འདིའི་ནང་མོལ་སྐབས་ཨ་རིའི་མེག་སི་ཁོའི་གྱང་རའི་མ་དངུལ་ཆེད་ཨ་སྒོར་ཐེར་འབུམ་ ༡།༣༧༥ ལས་མེད་པ་བྱས་ཡོད་པ་དང་། དེ་བཞིན་དམངས་གཙོ་ཚོགས་པའི་ངོས་ནས་ཨ་རིའི་གནས་སྤོ་དང་སྒོ་ཁྲལ་ཚན་པས་(Immigration and Customs Enforcement) ཁྲིམས་མཐུན་མ་ཡིན་པའི་གནས་སྤོ་བ་འཇུ་བཟུང་བཀག་ཉར་བྱེད་རྒྱུའི་གྲངས་ཚད་དེ་མར་ཕབ་དགོས་པའི་བསམ་ཚུལ་བཏོན་ཡོད་པ་ལས། གཞན་ད་ལྟའི་ཆར་ཕྱོགས་གཉིས་འགྲིག་མཐུན་བྱུང་ཡོད་པའི་གྲོས་ཆོད་ནང་དོན་ཚན་གང་ཞིག་བཀོད་ཡོད་མེད་སོགས་གསལ་ཁ་མེད་འདུག

གཞན་ཕོ་བྲང་དཀར་པོ་དང་སྲིད་འཛིན་ཊོམ་ཕུ་སོགས་ཀྱི་ངོས་ནས་ནང་མོལ་དང་འགྲིག་མཐུན་སྐོར་ལ་དམིགས་བསལ་གསལ་བཤད་དང་གསལ་བསྒྲགས་གང་ཡང་བྱས་མེད་པ་དང་། སྲིད་འཛིན་ཊོམ་ཕུ་ཡིས་ཊེག་སེ་སི་(Taxes) མངའ་སྡེའི་ནང་འོས་བསྡུའི་དྲིལ་བསྒྲགས་ཀྱི་གཏམ་བཤད་སྐབས། གང་ལྟར་ང་ཚོས་མེག་སི་ཁོའི་གྱང་ར་དེ་བརྩིག་རྒྱུ་ཡིན་པ་དང་། ནག་ཚོང་དང་སྨྱོ་རྫས་སྤྱོད་མཁན་གྱི་ཁྲིམས་འགལ་བ་དེ་དག་ལས་སླ་པོར་ཀློད་གྲོལ་གཏོང་རྒྱུ་མིན་སྐོར་སོགས་བརྗོད་ཡོད་པ་དང་། ཐེངས་འདིར་ནང་མོལ་ནང་ཞུགས་མཁན་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རི་ཅར་ཌི་ཤེལ་བྷི་(Richard Shelby) ལགས་ཀྱིས་གསར་འགོད་པར། ང་ཚོར་གནད་དོན་ཚང་མའི་ཐོག་ལ་འགྲིག་མཐུན་བྱུང་སོང་། ཞེས་བརྗོད་ཡོད་འདུག

ཨ་རིའི་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་མེག་སི་ཁོའི་གྱང་རའི་མ་དངུལ་གྲོས་འཆར་དེ་གཏན་འབེབ་ཡོང་ཆེད། ཨ་རིའི་ཨ་རིའི་གཞུང་གི་ལས་ཁུངས་ཁག་ཅིག་ཉིན་གྲངས་ ༣༥ རིང་སྒོ་བརྒྱབས་ཡོད་པ་དང་།  ཕྱི་ཟླ་ ༡ ཚེས་ ༢༥ ནས་བདུན་ཕྲག་གསུམ་རིང་གནས་སྐབས་སྒོ་ཕྱེས་ཡོད་ན་ཡང་། དུས་ཡུན་དེའི་རིང་ཨ་རིའི་གྲོས་ཚོགས་ནས་གྱང་རའི་མ་དངུལ་ཁྲིམས་འཆར་དེར་མོས་མཐུན་གཏན་འབེབ་མ་བྱས་ཚེ། བསྐྱར་དུ་གཞུང་གི་ལས་ཁུངས་ཁག་་སྒོ་བརྒྱབ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་མ་ཟད། ཨ་རིའི་གཞུང་གི་ལས་ཁུངས་གསུམ་ཆ་གཅིག་ཙམ་གྱི་རྒྱུན་གྲོན་རྣམས་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་མཚན་དགུང་ནས་རང་ཤུགས་ཀྱིས་ཆད་འགྲོ་ཡི་ཡོད་པར་བརྟེན། ཕྱོགས་གཉིས་ཀྱི་ངོས་ཐད་ནས་གང་ཐུབ་ཀྱིས་ནང་འགྲིག་ཡོང་ཐབས་ལ་འབད་བརྩོན་བྱས་ཡོད་འདུག

ད་ལོའི་ཨ་རིའི་གཞུང་གི་ལས་ཁུངས་སྒོ་བརྒྱབ་པ་དེ་ཨ་རིའི་ལོ་རྒྱུས་ནང་གཞུང་གི་ལས་མཚམས་འཇོག་ཡུན་རིང་ཤོས་དེ་ཆགས་ཡོད་པ་དང་། ཐེངས་འདིར་ཨ་རིའི་ལས་ཁུངས་ཆེ་ཁག་གསུམ་ཆ་གཅིག་གི་ལས་བྱེད་འབུམ་ ༨ ལྷག་ལ་དོ་ཕོག་ཐེབས་ཡོད་པ་དང་། ཨ་རིའི་གྲོས་ཚོགས་ཀྱི་དངུལ་གཉེར་ལས་ཁུངས་ཀྱིས་བརྗོད་པ་ལྟར་ན། ལས་ཁུངས་སྒོ་བརྒྱབས་པའི་རྐྱེན་གྱིས་ཨ་རིར་ཉུང་མཐར་ཨ་སྒོར་ཐེར་འབུམ་ ༡༡ གི་གྱོང་གུད་རགས་ཡོད་སྐོར་བརྗོད་ཡོད་པ་དང་།  ཆབ་སྲིད་དབྱེ་ཞིབ་པ་མང་པོས་ཐེངས་འདིའི་ཨ་རིའི་གཞུང་གི་ལས་ཁུངས་སྒོ་བརྒྱབས་པའི་གནད་དོན་དེ་ཆབ་སྲིད་རོལ་རྩེད་ཀྱི་ངོ་བོར་འགྱུར་བཞིན་ཡོད་སྐོར་དང་། ཕྱོགས་གཉིས་ཀར་འགལ་བ་ཡོང་རྒྱུའི་གཞི་རྩ་ནི་སྲིད་འཛིན་འོས་བསྡུ་དང་བར་མའི་འོས་བསྡུའི་རྐྱེན་པས་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༢/༡༢

Leave a Reply

One thought on “ཨ་རིའི་ནང་མོལ་ལ་འགྲིག་མཐུན་བྱུང་ཡོད་འདུག

  1. གྲྭ་པ་ངོ་མ།

    ས་མཚམས་སུ་གྱང་ར་འརྩིག་རྒྱུའི་ཐག་གཅོད་དེ་ཐོག་གྲོས་ཚོགས་གོང་འོག་གཉིས་དང་། ལྷག་པར་གྲོས་ཚོགས་འོག་མའི་ནང་ཁ་རྩོད་ཤུགས་ཆེར་སོང་ཡོད་ནའང་། གྱང་ར་རྩིག་མིན་དེའི་ཐོག་ནས་༢༠༢༠ ལོའི་འོས་འདེམས་སྐབས་སུ་ནུས་པ་ཇི་ཐོན་སྐོར་ལ་ཆེད་མཁས་པ་མང་པོའི་ལྟ་བ་མཐུན་གྱི་མེད།