རྐང་འཁོར་བཞོན་ཏེ་བོད་དོན་ལས་འགུལ་སྤེལ།

ང་ཚོས་བོད་བསྟན་པ་ཆབ་སྲིད་སླད་ལས་འགུལ་སྤེལ་གྱི་ཡོད་པས་ང་ཚོའི་སྤྱོད་ལམ་ཡང་ཡ་རབས་བཟང་སྦྱོད་དང་ཞི་བའི་ལམ་ནས་འགྲོ་དགོས་པ་གལ་ཆེན་ཆགས་ཡོད། དེ་རིང་རེས་གཟའ་ལྷག་པ་དང་བསྟུན་ཐའེ་ཝན་གྱི་ཞོགས་པའི་ཆུ་ཚོད་ ༩ ཐོག་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་གོ་སྒྲིག་འོག ཐའེ་ཝན་སྲིད་འཛིན་ལས་ཁུངས་མདུན་གྱི་ཞི་བདེའི་སྤྱི་གླིང་དུ། བོད་པ་གཙོས་ཐའེ་ཝན་བོད་དོན་རྒྱལ་སྐྱོར་བ་སོགས་ནས་རྐང་འཁོར་བཞོན་ཏེ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། ལས་འགུལ་ནང་ཐའེ་པའེ་གྲོང་ཁྱེར་གྱི་དམངས་གཙོ་ཚོགས་པ་དང་སྟོབས་ཤུགས་གསར་པའི་ཚོགས་པ(New Power Party)་སོགས་ཀྱི་འཐུས་མི་བཞི་ཡི་གཙོས་སློབ་མ་སོགས་ཁྱོན་མི་གྲངས་ ༢༠ ལྷག་མཉམ་ཞུགས་གནང་ཡོད་འདུག་ལ། བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་དེ་ནི་ཞི་བའི་ལས་འགུལ་ཞིག་ཡིན་པ་མ་ཟད། དེར་རྒྱབ་སྐྱོར་བྱེད་མཁན་གཞོན་སྐྱེས་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་བརྗོད་བྱུང་།

འདི་གའི་གསར་འགོད་པས་བཀྲ་ཤིས་ཚེ་རིང་ལགས་སུ་ལས་འགུལ་དེའི་དགོས་དམིགས་གཙོ་བོ་གང་ཡིན་དྲིས་པར་ཁོང་གིས། ལས་འགུལ་འདིའི་དམིགས་ཡུལ་གཙོ་བོ་ནི་ང་ཚོས་རྐང་འཁོར་ཞོན་ཏེ་སྐམ་ས་ཆེན་པོ་ནས་ཡོང་བའི་རྒྱ་རིགས་ཚོར་འབྲེལ་འདྲིས་ཀྱིས་བོད་དོན་དྲིལ་བསྒྲགས་བྱེད་རྒྱུ་དེ་ཡིན་ལ། ང་ཚོས་རྐང་འཁོར་བཞོན་ཏེ་རྒྱ་ནག་ནས་ཐའེ་ཝན་དུ་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་སའི་ས་གནས་ཁག་ཏུ་ལས་འགུལ་ཤུགས་ཆེ་བ་སྤེལ་གྱི་ཡོད་པས། ལས་འགུལ་འདི་བརྒྱུད་སྐམ་ས་ཆེན་མོ་ནས་ཡོང་བའི་རྒྱ་རིགས་ཚོར་ཐའེ་ཝན་ལྟ་བུའི་དམངས་གཙོའི་ལུང་པའི་ནང་སྨྲ་བརྗོད་རང་དབང་དང་གཏམ་བརྗོད་ཙམ་མ་ཟད། གང་ཟག་མི་སྒེར་ཞིག་ལའང་རང་དབང་དང་ཐོབ་ཐང་ག་ཚོད་ཅིག་ཡོད་པ་སོགས་གོ་རྟོགས་སྤེལ་ཐུབ་ཀྱི་ཡོད། ཅེས་བརྗོད་བྱུང་།

ད་རེས་ལས་འགུལ་སྐབས་སྐམ་ས་ཆེན་པོ་ནས་ཡོང་བའི་རྒྱ་རིགས་མང་པོ་དང་ཐུག་ཡོད་སྐོར་ལ་ཁོང་གིས། རེས་གཟའ་ལྷག་པ་རྟག་པར་ང་ཚོ་ཐའེ་ཝན་སྲིད་འཛིན་ལས་ཁུངས་ཀྱི་མདུན་དུ་འཛོམས་ཏེ། རྐང་འཁོར་བཞོན་ནས་སྐམ་ས་ཆེན་མོ་ནས་རྒྱ་རིགས་མང་པོ་ཡོང་སའི་རང་དབང་སྤྱི་གླིང་ཞེས་པར་ཕྱིན་པ་ཡིན་ལ། དེ་དུས་སྐམ་ས་ཆེན་མོ་ནས་རྒྱ་རིགས་སྤྱི་སྤྱོད་རླངས་འཁོར་  ༥ ཡས་མས་ཤིག་བསླེབས་འདུག  ཅེས་བརྗོད་བྱུང་།

ཡང་ཁོང་གིས། སྤྱིར་བཏང་ཐའེ་ཝན་ནང་རྐང་འཁོར་དར་སྲོལ་ཆེན་པོ་ཡོད་པ་རེད། རྐང་འཁོར་བཞོན་ཏེ་ལས་འགུལ་སྤེལ་བར་ད་རེས་ལ་ཆ་བཞག་ན་མཉམ་ཞུགས་གནང་མཁན་ཤུགས་ཆེ་བ་གཞོན་སྐྱེས་ཆགས་འདུག ལོ་གསར་ཚེས་པ་ ༢ ལ་ལས་འགུལ་སྤེལ་སྐབས་ཀྱང་ཐོག་མར་མི་མང་པོ་དེ་འདྲ་ཞིག་ཡོང་གི་རེད་བསམ་མ་སོང་སྟེ། སྐབས་དེར་མི་ ༡༣ ཡས་མས་ཤིག་བསླེབས་བྱུང་། ད་རེས་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཐའེ་ཝན་གྱི་ཤར་ལྷོ་དང་ཐའེ་ཝན་ཧྲི་ཌི་སོགས་ནས་ཡོང་ཡོད་པ་རེད། ཅེས་བརྗོད་བྱུང་།

མཇུག་ཏུ་གསར་འགོད་པས་ཐའེ་ཝན་ནང་བོད་དོན་ལས་འགུལ་སྤེལ་བར་རྒྱ་ནག་ཕྱོགས་ནས་གནོན་ཤུགས་ག་འདྲ་ཡོད་མེད་དྲིས་པར་ཁོང་གིས། ལོ་བདུན་ཡས་མས་ཀྱི་གོང་ལ་ཐའེ་ཝན་ནང་ང་ཚོས་ལས་འགུལ་སྤེལ་སྐབས། རྒྱ་ནག་གིས་བཏང་བའི་གསང་མྱུལ་བ་རེ་ཟུང་གིས་ང་ཚོར་བསྙད་བརྐོ་ཡི་ཡོད་པ་རེད། ཕྱིས་སུ་རྒྱ་ནག་གཞུང་གིས་ཐའེ་ཝན་ནང་ཆེད་དུ་ཚོགས་པ་བཙུགས་ཏེ། ཧོང་ཀོང་དང་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ།  དེ་བཞིན། ཐའེ་ཝན་མི་མང་དང་བོད་པ་སོགས་ཀྱིས་ལས་འགུལ་སྤེལ་སྐབས། མི་རེ་ཟུང་ཡོང་ནས་ང་ཚོར་ཚིག་སྡུག་ཅག་དེ་འདྲ་བཤད་ཀྱི་འདུག དཔེར་ན་ད་རེས་འདྲ་བོ་ཆ་བཞག་ན། ང་ཚོས་བོད་བསྟན་པ་ཆབ་སྲིད་ཆེད་ལས་འགུལ་སྤེལ་གྱི་ཡོད་སྟབས། མིས་ཚུར་ཚིག་སྡུག་ཆག་ག་ཚོད་བཤད་ཀྱང་ང་ཚོས་ཕར་བཤད་པ་ཡིན་ན་ང་ཚོ་གཅིག་པ་ཆགས་ཀྱི་ཡོད་ཀྱི་སྟབས། ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཚང་མས་ཕར་ཚིག་གཅིག་ཀྱང་ལབ་ཀྱི་མེད། ང་ཚོས་ཡ་རབས་བཟང་སྤྱོད་དང་ཞི་བའི་ལམ་ནས་ལས་འགུལ་སྤེལ་གྱི་ཡོད། ཅེས་བརྗོད་བྱུང་།

རྐང་འཁོར་ཞོན་ཏེ་བོད་དོན་ལས་འགུལ་སྤེལ་བ་དེ་ཐོག་མར་ཕྱི་ལོ་ ༢༠༡༡ ལོ་ནང་མགོ་འཛུགས་བྱས་ཡོད་པ་དང་། ལོ་རྟག་པར་གསུམ་བཅུའི་དུས་དྲན་གྱི་སྔ་གཞུག་ཏུ་སྤེལ་གྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༢/༡༣

Leave a Reply

One thought on “རྐང་འཁོར་བཞོན་ཏེ་བོད་དོན་ལས་འགུལ་སྤེལ།

  1. དབྱངས་ཅན་ལྷ་མོ་

    རྐང་འཁོར་ཞོན་ཏེ་བོད་དོན་ལས་འགུལ་སྤེལ་བ་དེ་ནི་བོད་དོན་རྒྱབ་རྐྱོར་བྱེད་པའི་ཐབས་ཤིས་ཡག་པོ་ཞིག་རེད་།
    ང་ཚོ་གཞོན་ནུ་ཚོས་བོད་དོན་ལས་འགུལ་སྤེལ་བར་ད་དུང་མི་འདྲ་བའི་བྱེད་ཐབས་གསར་གཏོད་བྱེད་ནས་
    བོད་ཀྱི་རང་བཙལ་བྱ་བཞག་ལ་མུ་ཐུད་ནས་རོགས་སྐྱོར་བྱེད་དགོས་།