བརྩེ་བ་ནི་མིའི་བཟང་པོའི་ཡོན་ཏན་གཙོ་བོ་ཞིག་ཡིན།

དེ་རིང་བོད་ལུགས་བཅོ་ལྔ་མཆོད་པའི་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཆོས་འཕྲུལ་སྨོན་ལམ་ཆེན་མོའི་གསུང་ཆོས་དབུ་འཛུགས་མཛད།དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པ་སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གདན་ས་ཁག་དང་བཞུགས་སྒར་ཉེ་འཁྲིས་ཀྱི་དགོན་སྡེ་རྣམས་ཀྱི་གྲྭ་བཙུན་རྣམས་གཙོ་བོར་གྱུར་བའི་ཨེ་ཤ་ཡ་དང་ནུབ་ཕྱོགས་ཡུལ་གྲུ་ཁག་ནས་ཕེབས་པའི་ནང་ཆོས་དོན་གཉེར་བ་དང་། ལ་དྭགས་དང་ཀུ་ལི་མ་ན་ལི། དེ་བཞིན་དྷ་རམ་ས་ལ་ཁུལ་གྱི་སེར་སྐྱ་མི་བཅས་ཁྱོན་མི་གྲངས་ ༦༠༠༠་ཡས་མས་འཛོམས་འདུག་ལ། དེ་རིང་༧གོང་ས་མཆོག་ནས་སྟོན་པའི་སྐྱེས་རབས་དང་། རྟེན་འབྲེལ་བསྟོད་པ། བློ་སྦྱོང་ཚིགས་བརྒྱད་མ་བཅས་ཀྱི་གསུང་ཆོས་བསྩལ་གནང་སོང་བ་དང་། སང་ཉིན་ནས་སློབ དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོའི་གསུང་ཆོས་དབུ་འཛུགས་གནང་རྒྱུ་རེད།

གསུང་ཆོས་དབུ་འཛུགས་ཀྱི་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་སློབ་བསྩལ་དོན། བོད་ལ་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོས་སྨོན་ལམ་གྱི་སྲོལ་བཏད་པ་རེད། དུས་ཚོད་ཅིག་ལ་བོད་དུའང་སྨོན་ལམ་གྱི་མཛད་སྒོ་ཚུགས་མ་ཐུབ་པའི་དུས་བྱུང་བ་རེད། འོན་ཀྱང་། ཕལ་ཆེར་༧རྒྱལ་བ་དགེ་འདུན་རྒྱ་མཚོའི་སྐབས་ཐབས་ཤེས་དང་འབད་བརྩོན་བྱས་ནས་སྨོན་ལམ་བསྐྱར་གསོ་བྱས་ཐུབ་ཡོད་པ་རེད། དེ་ནས་ང་ཚོ་བཙན་བྱོལ་བ་ཆགས་རྗེས། བོད་དུའང་ལོ་ཁ་ཤས་རིང་བྱུང་མེད་ནའང་། དེའི་རྗེས་སུ་༧པཎ་ཆེན་རིན་པོ་ཆེས་ཐུགས་འཁུར་བསྐྱེད་དེ་བོད་ནང་སྨོན་ལམ་གྱི་མཛད་སྒོ་ཚུགས་ཐུབ་པ་བྱུང་བ་རེད་ལ། ང་ཚོ་བཙན་བྱོལ་བ་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་འབྱོར། ཕལ་ཆེར་ཕྱི་ལོ་ ༡༩༦༠ ལོར་སྨོན་ལམ་ཚུགས་ཐུབ་མེད་པ་དང་གཞན་རྒྱས་བསྡུས་རེད་མ་གཏོགས་སྨོན་ལམ་ཚུགས་ཐུབ་པ་བྱུང་བ་རེད་ལ། དེ་རིང་འདིར་སྨོན་ལམ་འཚོག་བཞིན་པ་རེད།  དེ་རིང་གནམ་གྲང་མོ་ཡིན་སྟབས། མར་ཆོས་རའི་ཕྱི་ལོགས་སུ་ཚོགས་མ་དགོས་པར་འདིར་ནང་ལོགས་སུ་ཚོགས་བཞག་པ་ཡིན། དེ་ནས་སང་ཉིན་ནས་ཉིན་ཁ་ཤས་རིང་ཆོས་འབྲེལ་དེ་འདྲ་བྱ་ཡི་ཡོད་པ་རེད། དེར་བརྟེན། དེ་རིང་ནས་འདིར་ཚོགས་བཞུགས་བྱས་བཞག་པ་དེ་འདྲ་ཞིག་ཡིན། ད་ལོའི་ལོ་གསར་སྐབས་ཀྱི་ཚེས་པ་ ༣ ལ་འདིར་གངས་གང་འཚམ་བཏང་ནས་གྲང་མོ་ཆགས་སོང་། བྱས་ཙང་ཁྱེད་རང་ཚོ་ལྷོ་ཕྱོགས་ནས་ཕེབས་མཁན་ཚོ་དམིགས་བསལ་གྱིས་ཕེབས་བསུ་ཞུ་ཡི་ཡོད་པ་རེད། དེ་རིང་ཁྱེད་རང་ཚོ་སྐལ་བ་བཟང་པོ་བྱུང་བསམ་པ་དང་གནམ་གཤིས་གྲང་མོ་བྱུང་ནས་དྲན་རྟེན་བྱུང་ཞེས་དྲན་རྟེན་བྱུང་ཡོད་པ་རེད། ཅེས་སྐུ་རྩེད་འབྲེལ་ནས་གསུངས་སོང་།

དེའི་རྗེས་སྟོན་པའི་སྐྱེས་རབས་ལས་ལེའུ་བརྒྱད་པ་མཇུག་རྫོགས་པ་དང་འབྲེལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། སངས་རྒྱས་བཅོམ་ལྡན་འདས་ཕྱིན་ནས་ལོ་ངོ་སྟོང་ཕྲག་ ༢ ལྷག་འགྲོ་ཡི་ཡོད་པ་རེད་དེ། དུས་ད་ལྟ་ཡིན་ནའང་སངས་རྒྱས་ཀྱི་ཆོས་ཚུལ་ལ་དམིགས་བསལ་གྱིས་དོ་སྣང་བསླེབས་བསྡད་པ་ཡོང་བསྡད་ཡོད་པ་རེད། དེ་ཡང་གཙོ་བོ་དད་པ་ཆོས་ལུགས་ཚང་མས་གསུང་བསྡད་ཡོད་པ་རེད། དེ་བཞིན། བྱམས་པ་དང་སྙིང་རྗེ། བཟོད་པ། ཆོག་ཤེས་ཉམས་ལེན་སོགས་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་གྱི་ཆོས་ལུགས་ཚང་མས་གསུང་བསྡད་ཡོད་པ་རེད། གྲང་ཅན་ལྷ་མེད་པ་དེང་སང་ཡོད་མེད་མི་ཤེས། སྟོན་པ་རྒྱལ་བའི་རྗེས་འབྲངས་གཅེར་བུ་བ་ཡག་ཐག་ཆོད་ཡོད་པ་རེད། མཐའ་གཅིག་ཏུ་སྤྱོད་པ་འཚེ་བ་མེད་པ་དང་ཟས་དཀར་ཟས་རྐྱང་རྐྱང་ལ་རྟེན་ནས་བསྡད་ཡོད་པ་རེད། ང་རང་ཚོའི་དཔེ་ཆའི་ནང་གཅེར་བུ་བ་ཟེར་གྱི་ཡོད་པ་རེད་ལ་མཆོག་གི་གོས་ཆེན་ཟེར་གྱི་ཡོད་པ་གྱོན་ཆས་གཅིག་ཀྱང་མེད་མཁན་ཡོང་གི་ཡོད་པ་དེ་ཚོའི་གྲས་ཡག་པོ་ཞེ་དྲགས་རེད་འདུག  ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ། ཆོག་ཤེས། བཟོད་པ་སོགས་གསུང་གི་ཡོད་པ་རེད། དེ་འདྲ་ཡིན་དུས། ལོ་སྟོང་ཕྲག་ ༢ ལྷག་རིང་གི་ཆོས་ལུགས་དེ་ཚོས་མི་ལ་ཕན་གྱི་ཡོད་པ་རེད། ངོས་ནས་ནམ་རྒྱུན་མི་གཅིག་གི་རང་བཞིན་ལྷན་སྐྱེས་ཀྱི་མྱོང་ཚོར་གཙོ་བོ་ག་རེ་རེད་ལབ་པ་ཡིན་ན། ཐོག་མར་སྐྱེས་པ་ནས་བཟུང་མ་ཡི་བརྩེ་བའི་འོག་ནས་འཚོ་བ་དང་འཚར་ལོངས་བྱུང་བ་རེད། མི་ཚེའི་གང་བརྩེ་བ་ཟེར་བ་དེ་མིའི་བཟང་པོའི་ཡོན་ཏན་གཙོ་བོ་ཞིག་རེད་འདུག  དེ་མི་འཚོ་བར་དགོས་ཀྱི་ཡོད་པ་རེད། དེར་བརྟེན། ཆོས་ལུགས་ཚང་མ་མིའི་ཆོས་ཡིན་སྟབས། མིའི་བཟང་པོའི་ཡོན་ཏན་གཙོ་བོ་གཙོ་འདོན་བྱས་ནས་གསུང་གི་ཡོད་པ་ཆོས་ཉིད་རེད། དེ་འདྲ་བའི་བརྩེ་བ་ཉམས་ལེན་བྱེད་རྒྱུའི་རྒྱབ་རྟེན་ལ་ལྟ་གྲུབ་དེ་དག་བསླེབ་ཀྱིན་ཡོད་པ་རེད། ཅེས་སོགས་གསུངས་སོང་།

བྱེས་འབྱོར་བོད་མི་དོན་གོ་ཆོད་པ་ཞིག་གནང་སྟེ་བོད་མི་ས་ཡ་ ༦ རྡོག་རྩ་གཅིག་ལ་སྒྲིལ་དགོས་སྐོར་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ན་ལེནྜའི་གཞུང་ལ་རྒྱུས་མངའ་དང་གོམས་འདྲིས་ཡོད་མཁན་ཞིག་ཡིན་དུས་ཕྱི་ནང་གི་མཁས་པ་སུར་ཐུག་རུང་སྤོབས་པ་དང་སྤྲོ་སྣང་ལྡན་པའི་ངང་ནས་འགྲེལ་བཤད་དང་གོ་བསྡུར་བྱེད་ཐུབ་པ་ཞིག་ཡོང་གི་འདུག དེ་དག་སྔོན་གྱི་མཁན་སློབ་ཆོས་གསུམ་གདན་འཛོམས་ནས་མཁས་ཆེན་ཞི་འཚོ་ཡབ་སྲས་ཀྱི་དྲིན་དང་བོད་གངས་ཅན་ལྗོངས་ཀྱི་ལོ་ཙྰ་བ་དང་ཆོས་རྒྱལ་རྣམ་གྱི་ཐུགས་རྗེ་བཀའ་དྲིན་རེད། དེ་ལ་བརྟེན་ནས་ང་ཚོ་བོད་ཀྱི་རིག་གཞུང་ལབ་ན་མགོ་བཀྱག་བཀྱག་དང་སྤོབས་པ་བྱེད་ཡག་ཡོད་བསྡད་པ་ཞིག་རེད། དེ་སྔ་ང་རང་ཚོ་བོད་ལ་ཡོད་པའི་སྐབས་སུ་བོད་པ་རྐྱང་རྐྱང་ནང་ལ་བསྡད་ཡོད་པ་རེད། ད་བཙན་བྱོལ་བ་ཆགས་པའི་རྐྱེན་གྱིས་རྒྱ་ཆེ་སར་མི་མང་པོར་འབྲེལ་བ་བྱེད་པའི་གོ་སྐབས་བསླེབས་ནས་འབྲེལ་བ་བྱས་ཡོང་སྐབས། དངོས་གནས་དྲང་གནས་བོད་ཀྱི་ལྟ་གྲུབ་བློ་སྦྱོང་དང་གཞུང་ཆེན་གྱི་སློབ་གཉེར་ཡོད་མཁན་ཚོར་གཞན་དང་མི་འདྲ་བའི་བསམ་བློ་དང་རྒྱུ་མཚན་འགྲེལ་བཤད་བརྒྱབ་རྒྱུ་ཡོད་བསྡད་པ་ཞིག་མཐོང་ཡོང་དུས་ཆ་འཇོག་བྱེད་ཀྱི་འདུག དེར་བརྟེན། བསམ་བློ་དེ་འདྲ་བཏང་བ་ཡིན་ན། ང་ཚོ་བོད་ཤོར་ནས་བཙན་བྱོལ་བ་ཆགས་པ་དེ་རྐྱེན་ངན་གྲོགས་ལ་ཤར་བའི་ཟོལ་འདྲ་པོ་མཐོང་གི་འདུག མ་རེད་པས། གང་ལྟར་ང་ཚོ་བཙན་བྱོལ་བ་ནི་ཆགས་ཚར་བ་རེད། བཙན་བྱོལ་བ་ཆགས་ཚར་བའི་རྗེས་ལ་དོན་གོ་ཆོད་པ་ཞིག་བྱས་ན་ཡག་པོ་འདུག་གཱ། གཞིས་ལུས་རྒྱ་ཆེ་མི་མང་གི་བློ་གཏད་བཅོལ་ས་བཙན་བྱོལ་གྱི་བོད་པ་ཚོ་སྲ་ཐག་ཐག་ཅིག་དང་། བོད་ཀྱི་ཆོས་དང་རིག་གཞུང་འཛམ་བུ་གླིང་གི་སྒང་བཏོན་ཐུབ་པ་དེ་འདྲའི་ཡོད་བསམ་པའི་བོད་གཞིས་ལུས་རྒྱ་ཆེ་མི་མང་ཚོ་ཡིན་ནའང་དངོས་གནས་སེམས་ནང་སྤྲོ་བ་བསླེབ་ཐུབ་པ་ཞིག་དང་། བོད་ཀྱི་སངས་རྒྱས་པའི་ཆོས་དང་དེ་དང་འབྲེལ་བའི་བོད་ཀྱི་སྐད་ཡིག་ནམ་ཡང་ནུབ་ས་མ་རེད་བསམ་པའི་སྙིང་སྟོབས་དང་རེ་བ་བསླེབ་ས་ཞིག་ཆགས་ཡོང་གི་འདུག ང་རང་ཚོ་བཙན་བྱོལ་ནང་ཡོད་མཁན་ཚོར་ཆ་བཞག་ན། གཞིས་ལུས་རྒྱ་ཆེ་མི་མང་གི་སྙིང་སྟོབས་སྲོག་ཀྱང་འདོར་གྱི་ཡོད་པ་མཐོང་ཡོང་དུས། ང་རང་ཚོ་བཙན་བྱོལ་ནང་ཡོད་མཁན་ཚོས་ང་ཚོ་རང་དབང་ལུང་པའི་ནང་བསླེབས་བསྡད་ཡོད་པ་རེད། ད་ང་ཚོས་ཧུར་ཐག་འབད་ཐག་མ་བྱས་ན་འགྲིག་གི་མི་འདུག་བསམ་པའི་སྙིང་སྟོབས་བསླེབ་པ་ཞིག་དགོས་ཀྱི་ཡོད། གང་ལྟར་བོད་མི་ས་ཡ་ ༦ དེ་དུས་ཚོད་ཁག་པའི་སྐབས་སུ་ཚང་མ་རྡོག་རྩ་གཅིག་ལ་སྒྲིལ་དགོས་པ་ཞིག་ཆགས་བསྡད་ཡོད་རེད། ཅེས་སོགས་གསུངས།

སང་ཉིན་ནས་བཟུང་ཉིན་ ༤ རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོའི་གསུང་ཆོས་བཀའ་དྲིན་བསྩལ་རྒྱུ་དང་། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ཚོགས་པ་ཁག་ ༤་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༢/༢༧

Leave a Reply