མཆེ་བའི་བཙུན་མོར་ཁྲིམས་ཐག་བཅད།

རྒྱ་མོ་ཞིག་གིས་གླང་ཆེན་ ༣༥༠ ལྷག་གི་མཆེ་བ་ནག་ཚོང་བྱས་པར་བརྟེན་ཨ་ཧྥེ་རི་ཁའི་ཏན་ཛཱ་ནི་ཡའི་ཁྲིམས་ཁང་ཞིག་གིས་ལོ་ ༡༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུགདེ་རིང་ཨལ་ཇ་ཛི་ར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཤར་ཨ་ཧྥེ་རི་ཁའི་ཏན་ཛཱ་ནི་ཡའི་(Tanzania) ཁྲིམས་ཁང་ཞིག་གིས། མཆེ་བའི་བཙུན་མོར་གྲགས་པའི་རང་ལོ་ ༦༩ ཡིན་པའི་ཡང་ཧྥིན་གྷ་ལན་(Yang Feng Glan)ཞེས་པའི་རྒྱ་རིགས་བུད་མེད་ཚོང་པ་ཞིག་གིས། ཨ་ཧྥེ་རི་ཁའི་ནང་ནས་ཨ་སྒོར་ས་ཡ་ ༢།༥ ལྷག་གི་གླང་ཆེན་ ༣༥༠ བརྒལ་བའི་མཆེ་བ་ནག་ཚོང་བྱས་པའི་ནག་ཉེས་ལ་ཁྲིམས་བཤེར་བྱས་པ་བརྒྱུད། བུད་མེད་དེར་ལོ་ ༡༥ ཡི་ཁྲིམས་ཆད་དང་། གླང་ཆེན་གྱི་མཆེ་བ་ཉོ་ཚོང་ཁྲོམ་རའི་རིན་གོང་ལས་ལྡབ་གཅིག་གཞུང་ལ་སྤྲོད་འཇལ་དགོས་པ་དང་། གལ་སྲིད་དེ་སྤྲོད་མ་ཐུབ་པ་ཡིན་ན་བསྐྱར་དུ་ལོ་ ༢ བཙོན་འཇུག་བྱ་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་པ་དང་། ། དེ་བཞིན་མོའི་ལག་རོགས་ཡུལ་དེའི་མི་སེར་གཉིས་ལའང་ལོ་ ༡༥ རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཏན་ཛཱ་ནི་ཡ་རྒྱལ་ཁབ་ནང་ཡོད་པའི་རྒྱལ་སྤྱིའི་རི་སྐྱེས་སེམས་ཅན་ཐེབས་རྩ་ཚོགས་པའི་(World Wildlife Fund) འགན་འཛིན་ཨ་མཱ་ནི་ཎ་གུ་སཱ་རུ་(Amani Ngusaru) ཡིས། ཡང་ཧྥེང་གྷ་ལཱན་གྱི་རྐྱེན་པས་ཏན་ཛཱ་ནི་ཡའི་ནང་གླང་ཆེན་སྟོང་ཕྲག་མང་པོ་བསད་ཡོད་པར་བརྟེན། ཐེངས་འདིའི་ཁྲིམས་ཁང་གི་ཐག་གཅོད་དེ་མོ་ལ་ཉེས་ཆད་ཅིག་མ་རེད། ཅེས་བརྗོད་འདུག

ཕྱི་ལོ་ ༢༠༡༥ ཟླ་ ༡༠ ནང་ཡང་ཧྥེང་གྷ་ལཱན་དང་ཏན་ཛཱ་ནི་ཡའི་མི་སེར་གཉིས་ཀྱིས་ལོ་ཤས་རིང་ཨ་སྒོར་ས་ཡ་ ༥།༦ གི་མཆེ་བ་ ༨༦༠ ལྷག་ཁྲིམས་འགལ་གྱིས་ཉོ་ཚོང་བྱས་པའི་དོགས་གཞིའི་འོག་འཇུ་བཟུང་བྱས་ཏེ། འདྲི་རྩད་རིམ་པར་བྱས་རྗེས་ནག་ཉེས་ར་འཕྲོད་བྱུང་ཡོད་པ་དང་། ཡང་ཧྥིན་གྷ་ལན་ཞེས་པའི་བུད་མེད་དེས་གླང་ཆེན་གྱི་མཆེ་བ་ནག་ཚོང་བྱས་པ་ཙམ་མིན་པར་ཨ་ཧྥེ་རི་ཁའི་བུད་མེད་ནག་ཚོང་ནང་དུའང་ཞུགས་ཡོད་པའི་དོགས་གཞི་ཡོད་འདུག

ཤར་ཨ་ཧྥེ་རི་ཁའི་ཏན་ཛཱ་ནི་ཡ་རྒྱལ་ཁབ་ནི་གླང་ཆེན་དང་། སྟག་གཟིག བསེ་རུ་སོགས་རྩ་ཆེའི་གཅན་གཟན་རི་དྭགས་རིགས་ཀྱི་འཚོ་གནས་གཙོ་བོ་ཞིག་ཡིན་འདུག་པ་དང་། ཕྱི་ལོ་ ༢༠༡༥ ལོའི་ཞིབ་བཤེར་ལྟར་ན། ཕྱི་ལོ་ ༢༠༠༩ ལོའི་ཏན་ཛཱ་ནི་ཡའི་གླང་ཆེན་གྱི་གྲངས་འབོར་ ༡༡༠,༠༠༠ དེ། ཕྱི་ལོ་ ༢༠༡༤ ལོར་ ༤༣,༠༠༠ ལ་མར་ཆག་ཡོད་པ་དང་། སྲུང་སྐྱོབ་ཚོགས་པ་ཁག་གིས། ཏན་ཛཱ་ནི་ཡའི་གླང་ཆེན་གྱི་གྲངས་འབོར་མར་ཆག་དགོས་པའི་རྒྱུ་མཚན་གཙོ་བོ་ནི། གཞི་རྒྱ་ཆེ་བའི་ཚོང་དོན་ལྐོག་གསོད་བྱེད་ཀྱི་ཡོད་པས་ཡིན་སྐོར་བརྗོད་འདུག་ལ། རྒྱལ་སྤྱིའི་རི་སྐྱེས་སེམས་ཅན་ཐེབས་རྩ་ཚོགས་པའི་སྙན་ཐོ་ལྟར་ན། ཨ་ཧྥེ་རི་ཁ་ཁྱོན་ཡོངས་ནང་འདས་པའི་ལོ་ ༡༠ ཁོ་ནའི་ནང་གླང་ཆེན་ ༡༡༠,༠༠༠ ཙམ་མེད་པར་ཆག་ཡོད་པ་དང་། ད་ལྟའི་ཆར་ཁྱོན་གླང་ཆེན་ ༤༡༥,༠༠༠ ཙམ་ལས་མེད་འདུག

རྒྱ་མོ་ཡང་ཧྥེང་གྷ་ལཱན་ནི་རྒྱ་ནག་རྒྱལ་ས་པེ་ཅིན་ནས་ཡིན་ཞིང་། ཕྱི་ལོ་ ༡༩༧༠ ནང་ཏན་ཛཱ་ནི་ཡར་ཐོག་མར་འབྱོར་ནས་གཞུང་འབྲེལ་གྱི་སྐད་སྒྱུར་བ་སོགས་ཀྱི་བྱ་བ་གཉེར་ཡོད་པ་དང། ཕྱི་ལོ་ ༡༩༩༨ ལོར་ཏན་ཛཱ་ནི་ཡའི་ཌར་ཨེ་སི་ས་ལཱམ་(Dar-es-Salaam) གྲོང་འཁྱེར་དུ་ཟ་ཁང་ཞིག་དང་། པེ་ཅིན་ལྕགས་རི་རིང་པོའི་མ་འཇོག་སྤྱི་གཉེར་ཁང་ཞེས་པའི་ཚོང་གཉེར་ཁང་ཞིག་ཀྱང་སྒོ་ཕྱེས་ཡོད་འདུག ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་དང་ཨ་ཧྥེ་རི་ཁའི་ཚོང་དོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྱས་ཡོད་པ་དང་། མོས་ལོ་དུ་མའི་རིང་ནས་ཁྲིམས་འགལ་གྱི་ཐོག་ནས་རྒྱ་ནག་ནང་ཡོད་པའི་གླང་ཆེན་གྱི་མཆེ་བ་འཛད་སྤྱོད་པ་དང་། ཤར་ཨ་ཧྥེ་རི་ཁའི་གཅན་གཟན་རྔོན་མཁན་གྱི་ཤོག་ཁག་གཉིས་ཀྱི་བར་འབྲེལ་མཐུད་པ་གཙོ་བོ་ལྟ་བུ་བྱས་ཏེ། རྒྱ་ནག་ནང་ཨ་ཧྥེ་རི་ཁའི་གླང་ཆེན་མཆེ་བ་མང་པོ་ནག་ཚོང་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༢/༢༠

Leave a Reply