བོད་ཀྱི་དངོས་བྱུང་གློག་བརྙན་ཞིག་ལོ་ངོ་ ༦༠ ལྷག་གི་རྗེས་བསྐྱར་དུ་བསྟན།

རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱེད་སྐབས་ཕབ་བསྐྲུན་བྱས་པའི་བོད་སྐོར་གྱི་དངོས་བྱུང་གློག་བརྙན་བོད་དུ་བསྐྱོད་པའི་ལམ་ཞེས་པ་དེའི་དཔར་གཞི་ཞིག་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་བསྐྱར་དུ་བསྟན།ཁ་སང་ཕྱི་དྲོར་ཅེག་སྤྱི་མཐུན་རྒྱལ་ཁབ་ (Czech Republic) ཀྱི་རྒྱལ་སའི་ (Lucerna Cinema) གློག་བརྙན་ཁང་ནང་དུ། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ་སི་ཁྲོན་ཞིང་ཆེན་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་གཞུང་ལམ་བཟོ་བཞིན་པའི་སྐབས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྣ་གཉིས་ཀྱིས་ཕབ་ལེན་བྱས་པའི་བོད་དུ་བསྐྱོད་པའི་ལམ་ (The Road Leads to Tibet) ཞེས་པའི་བོད་སྐོར་གྱི་དངོས་བྱུང་གློག་བརྙན་དེ་བསྐྱར་དུ་སྟོན་མགོ་བཙུགས་ཡོད་པ་དང་། བདུན་ཕྲག་འདིའི་རེས་གཟའ་པ་སངས་ཉིན་བསྐྱར་དུ་སྟོན་འཆར་ཡོད་འདུག

དངོས་བྱུང་གློག་བརྙན་དེ་ཕྱི་ལོ་ ༡༩༥༣ ཙམ་ལ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་མིའི་གློག་བརྙན་སྒྲིག་བཟོ་ཁང་དང་། རྒྱ་ནག་གི་འབྲེལ་ཡོད་མི་སྣ་མཉམ་འབྲེལ་འོག འཁྲབ་འཁྲིད་པ་ (Vladimír Sís) དང་བརྙན་ལེན་པ་ (Josef Vaniš) གཉིས་ཀྱིས་བཟོས་པ་ཞིག་ཡིན་འདུག་ལ། གློག་བརྙན་དེར་རྒྱལ་སྤྱིའི་ཝེ་ནི་སི་ (Venice) དང་ཀར་ལའོ་ཝེ་ཝད་རེ་ (Karlovy Vary) གློག་བརྙན་དུས་སྟོན་སྟེང་གཟེངས་རྟགས་འགའ་ཡང་ཐོབ་ཡོད་འདུག འོན་ཀྱང་། རྒྱ་ནག་གཞུང་གིས་དངོས་བྱུང་གློག་བརྙན་དེ་རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་གཏོང་བར་ཡུན་རིང་བཀག་བསྡོམས་བྱས་ཡོད་འདུགཕུའུ་ར་ཧཱ་རླུང་འཕྲིན་ཁང་ (Radio  Praha) ཞེས་པ་ཞིག་གིས་གློག་བརྙན་འགྲེམས་སྤེལ་བ་ཝེག་ཊོར་ཀུ་ནཱ་(Viktor Kuna)ལགས་སུ། གློག་བརྙན་དེའི་ནང་བོད་ཀྱི་གནས་ཚུལ་ག་རེ་ཡོད་དྲིས་པར་ཁོང་གིས། གཞུང་ལམ་བཟོ་སྐྲུན་ཙམ་མ་ཟད། སྐབས་དེའི་བོད་ཀྱི་རིག་གཞུང་དང་ཆོས་ཀྱི་བྱེད་སྒོ། དེ་བཞིན་བོད་མིའི་ཉིན་རེའི་འཚོ་བའི་ནང་གདན་འཐག་དང་གྱོན་ཆས། ཆོས་ཀྱི་ཆོ་ག་དང་ཞབས་བྲོ་སོགས་ཚུད་ཡོད་པ་རེད། དེ་ལས་གལ་ཆེ་བ་ཞིག་ནི་རྒྱ་ནག་གི་རིག་གནས་གསར་བརྗེ་ཡིས་བོད་ཀྱི་ས་གནས་མང་པོའི་དགོན་པ་སོགས་ལ་གཏོར་བརླག་ཅི་ཙམ་བཏང་ཡོད་པ་གསལ་སྟོན་དང་། རྒྱལ་ས་ལྷ་སར་འཁྲབ་ཁྲིད་པ་དང་བརྙན་ལེན་པ་གཉིས་ནས་དགུང་གྲངས་ ༡༩ ཕེབས་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་༧པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ལ་མཇལ་བཅར་ཞུས་པ་སོགས་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༡༩༥༦ ལོར་དངོས་བྱུང་གློག་བརྙན་དེ་ཐེངས་དང་པོར་ཅེག་སྤྱི་མཐུན་རྒྱལ་ཁབ་གྱི་གློག་བརྙན་ཁང་ནང་བསྟན་ཡོད་པ་དང་། ལོ་འགའི་རྗེས་རྒྱ་ནག་གཞུང་གིས་གློག་བརྙན་དེ་བཀག་བསྡོམས་བྱས་ནས་ལོ་ངོ་བཅུ་ཕྲག་འགར་ལྷག་ཡོད་པ་མ་ཟད། གློག་བརྙན་འགྲེམས་སྤེལ་བ་དེས་བརྗོད་པ་ལྟར་ན། གློག་བརྙན་དེར་གཞུང་འབྲེལ་གྱི་དཔར་གཞི་མི་འདྲ་ ༣ ཡོད་པ་དང་། འདས་ལོར་ཅེག་རྒྱལ་ཡོངས་གློག་བརྙན་ཉར་ཚགས་ཁང་ནས་ཐེངས་འདིའི་དཔར་གཞི་དེ་རྙེད་སོན་བྱུང་ཡོད་པ་དང་། དེ་ནི་དཔར་གཞི་མི་འདྲ་བ་གསུམ་གྱི་ནང་ནས་གཅིག་ཡིན་འདུགབོད་དུ་བསྐྱོད་པའི་ལམ་ཞེས་པའི་གློག་བརྙན་གྱི་འཁྲབ་ཁྲིད་པ་ (Vladimír Sís) ལགས་ནི་ཕྱི་ལོ་ ༡༩༢༥ ལོར་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་སྐྱེས་ཤིང་། ཡུལ་དེའི་སྒྱུ་རྩལ་སློབ་གྲྭ་ཞིག་ནས་སློབ་མཐར་ཕྱིན་རྗེས་དངོས་བྱུང་གློག་བརྙན་བཟོ་མགོ་བརྩམས་ཡོད་པ་དང་། ཁོང་གིས་བོད་དང་རྒྱ་ནག གྷི་རི་སི་དང་ཧིན་རྡུ་ནི་ཞེ་ཡ་སོགས་ཀྱི་སྐོར་ལ་དངོས་བྱུང་གློག་བརྙན་འགའ་བཟོ་སྐྲུན་བྱས་ཡོད་འདུག ཕྱི་ལོ་ ༢༠༠༡ ལོར་འདས་གྲོངས་སུ་ཕྱིན་རྗེས་ཁོང་གི་བུ་ཕི་ཊིར་ (Peter Sís) གྱིས། པ་ལགས་བོད་ནང་བསྐྱོད་པའི་སྐོར་སྒམ་དམར་པོ་ལས་བོད་ལ་ལྟ་བ་ (Tibet Through the Red Box) ཞེས་པའི་དེབ་ཅིག་བྲིས་ཡོད་པ་དེའི་ནང་གླེང་སློང་བྱས་ཡོད་འདུག

མཆན། གོང་བཀོད་ཀྱི་པར་རྣམས་བོད་དུ་བསྐྱོད་པའི་ལམ་ཞེས་པའི་གློག་བརྙན་གྱི་ནང་ནས་འདེགས་སྒྲུག་བྱས།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༢/༢༠

Leave a Reply