ཕྱི་རྒྱལ་ཡུལ་སྐོར་བ་ཚོ་བོད་ནང་ཡོང་མི་ཆོག

ལོ་འདིར་ཕྱོགས་ཡོངས་ནས་བོད་ལྗོངས་བརྟན་བརླིང་ལ་ཧུར་བརྩོན་དང་ཁ་བྲལ་བའི་ངོ་རྒོལ་ལ་འཐབ་རྩོད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ་ཡོད་པ་ལྟར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་དང་བོད་ཁུལ་གཞན་ཁག་ཏུ་དམ་དྲག་སྔར་ལས་ཤུགས་ཆེན་བཞིན་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༢༠ ཉིན། རྒྱ་ནག་གཞུང་འབྲེལ་ཡུལ་སྐོར་ལས་ཁུངས་ཁག་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཚོ་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡ བར་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་འགྲོ་མི་ཆོག་པའི་བརྡ་ཁྱབ་བཏང་ཡོད་པ་དང་། གངས་ལྗོངས་ཡུལ་སྐོར་ཟེར་བའི་འགྲིམ་འགྲུལ་ཞབས་ཞུ་ཁང་ཞིག་གི་གསལ་བསྒྲགས་ནང་། ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་ལོ་ལྟར་ཕྱི་ཟླ་ ༣ ནང་ཉུང་མཐར་ཟླ་བ་གཅིག་རིང་ཕྱི་རྒྱལ་བ་བོད་དུ་འགྲོ་སྐྱོད་བཀག་སྡོམ་བྱེད་བཞིན་ཡོད་ན་ཡང་། ད་ལོ་ནམ་རྒྱུན་ལྟར་མ་ཡིན་པར་ཕྱི་ཟླ་ ༡ ཚེས་ ༣༠ ནས་བོད་རང་སྐྱོང་ལྗོངས་ནང་འགྲོ་སྐྱོད་བཀག་སྡོམ་བྱས་ཡོད་སྐོར་བརྗོད་འདུག

འདི་གའི་གསར་འགོད་པས་བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་འབྲེལ་ཡོད་བོད་མི་ཁག་ཅིག་ལ་དམ་དྲག་ག་འདྲ་བྱེད་ཀྱི་ཡོད་མེད་སྐོར་ལ་སྐད་ཆ་དྲིས་པར། ད་ལོའི་ཕྱི་ཟླ་ ༣ ནང་ཕྱི་རྒྱལ་ཡུལ་སྐོར་བ་གཅིག་ཀྱང་ཕར་འགྲོ་ཚུར་འོང་བྱས་མི་ཆོག་པ་བྱས་ཡོད་པ་རེད་ཅེས་དང་། སྤྱིར་ན་ཕྱི་ཟླ་ ༣ ཚེས་ ༡༠ ལ་ལོ་ལྟར་བཀག་སྡོམ་ཤུགས་ཆེར་བྱེད་ཀྱི་ཡོད་པ་དང་། ད་ལོར་བོད་ཀྱི་ལོ་སར་སྐབས་ནས་བདེ་འཇགས་དང་སྲུང་སྐྱོབ་ཟེར་ནས་དམག་མི་འགྲེམས་འཇོག་དང་འགྲོ་སྐྱོད་ལ་དམ་དྲག་ཤུགས་ཆེར་བྱེད་ཀྱི་འདུག གསུམ་བཅུའི་དུས་དྲན་སྐབས་ཕྱི་རྒྱལ་བ་ཙམ་མ་ཡིན་པར་བོད་ཁུལ་གྱི་ཞིང་ཆེན་གཞན་ནས་ཡོང་བའི་འགྲུལ་བཞུད་པ་དག་ལ་ཡིག་ཆ་ཞིབ་བཤེར་དང་འགྲོ་སྐྱོད་སོགས་ལ་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་པ་དང་། ནམ་རྒྱུན་ལྷ་སར་ལས་གནས་གཉེར་ནས་ཡོད་མཁན་གྱི་བོད་ཁུལ་གཞན་གྱི་འགྲུལ་བ་ཚོའི་འགྲོ་འདུག་སྤྱོད་གསུམ་ཐད་དཀའ་ཁག་ཆེན་པོ་ཡོད་པ་རེད། ཅེས་བརྗོད་བྱུང་།

དེ་བཞིན་བོད་ནང་འགྲུལ་སྐྱོད་ཞབས་ཞུ་ཁང་ཞེས་པ་ཞིག་གི་དྲ་རྒྱའི་སྟེང་། ཉེ་ཆར་རང་བོད་ནང་འགྲོ་སྐྱོད་ཀྱི་སྲིད་བྱུས་ཐད་དམ་དྲག་བྱས་ཡོད་པས། བོད་ནང་ཡུལ་སྐོར་ལ་ཡོང་འདོད་པའི་ཕྱི་རྒྱལ་བ་ཚོ་ཕྱི་ཟླ་ ༤ ཚེས་ ༡ སྔོན་ལ་བོད་ནང་མི་ཡོང་བའི་རེ་བ་བྱེད་བཞིན་ཡོད་ལ། གལ་ཏེ་ཁྱེད་རང་བོད་ཀྱི་གངས་ཏི་སེ་དང་མ་ཕམ་གཡུ་མཚོ་སོགས་ལ་ལྟ་སྐོར་དུ་འགྲོ་མཁན་ཡིན་ཡང་ཕྱི་ཟླ་ ༤ ཚེས་ ༡༧ སྔོན་ལ་བོད་ནང་མ་འཛུལ་ན་ཡག་པོ་ཡོད་སྐོར་བརྗོད་འདུག

རྒྱ་གར་ཧིན་རྡུ་སི་ཐན་དུས་བབ་སྟེང་བཀོད་པའི་གནས་ཚུལ་ནང་། ད་ལོ་རྒྱ་ནག་གཞུང་གིས་སྔར་ལས་བོད་ཁུལ་དུ་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དེ་བོད་ནང་གསུམ་བཅུའི་དུས་དྲན་བྱུང་ནས་ལོ་འཁོར་ ༦༠ ལོན་པའི་དུས་དྲན་དང་ཁེལ་གྱི་ཡོད་པས་ཡིན་སྐོར་བརྗོད་འདུག་ལ། རྒྱ་གར་ནང་དང་ཡུ་རོབ་སོགས་སུ་དམིགས་བསལ་གྱིས་འདི་ལོར་བཙན་བྱོལ་བོད་མི་ཚོས་གསུམ་བཅུ་དུས་དྲན་གཞི་རྒྱ་ཆེན་པོ་སྤེལ་བའི་འཆར་གཞིའང་ཡོད་པ་རེད།

ད་ལོའི་ཕྱི་ཟླ་ ༢ ཚེས་ ༢ ཉིན་བོད་རང་སྐྱོང་ལྗོངས་ཀྱི་མགོ་འཁྲིད་ཚོས་བོད་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་དང་བཀོད་འདོམས་ཟེར་བའི་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཚོགས་འདུའི་སྟེང་བོད་རང་སྐྱོང་ལྗོངས་ཀྱི་མགོ་འཁྲིད་ཆེ་དགྲ་ལྷ་ཟེར་བས་ལོ་འདིར་ཕྱོགས་ཡོངས་ནས་བོད་ལྗོངས་བརྟན་བརླིང་ལ་ཧུར་བརྩོན་དང་ཁ་བྲལ་བའི་ངོ་རྒོལ་ལ་འཐབ་རྩོད་རྒྱུན་འཁྱོངས་དགོས་པ་དང་། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དམ་དྲག་རྣམ་པ་རྒྱུན་འཁྱོངས་དང་སྤྱི་པའི་བདེ་འཇགས་སྲུང་སྐྱོང་གཅིག་གྱུར། ཁྲིམས་ལྟར་རྡུང་རྡེག་གཏོང་བ་དང་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་བར་ཁྲིད་སྟོན་དགོས་སྐོར་སོགས་ཤུགས་ཆེར་བརྗོད་ཡོད་པ་རེད།

ཐེངས་འདིར་རྒྱ་ནག་གིས་བོད་ནང་ཕྱི་རྒྱལ་ཡུལ་སྐོར་བའི་འགྲོ་སྐྱོད་བཀག་སྡོམ་བྱས་ཡོད་པའི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བསྐྱར་དུ་བོད་སྒོ་བརྒྱབས་ཡོད་པ་ནི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་རྒྱུར་མུ་མཐུད་འདོད་མོས་རྩ་ནས་མེད་པ་སྟོན་གྱི་ཡོད་པ་དང་། བོད་ནང་ཕྱིའི་མི་སྣ་དང་གསར་འགོད་པ་སོགས་འགྲོ་སྐྱོད་བཀག་སྡོམ་བྱེད་རྒྱུ་ངེས་པར་མཚམས་འཇོགས་དགོས་པ་དང་། ཨ་རིའི་གཞུང་ནས་བོད་ནང་འདྲ་མཉམ་འགྲོ་འོང་ཆོག་པའི་ཁྲིམས་གཞི་ལག་བསྟར་བརྒྱུད་རྒྱ་ནག་གི་མགོ་འཁྲིད་ཚོ་འགན་ཁུར་ལྡན་པ་ཞིག་ཡོང་དགོས་སྐོར་སོགས་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༢/༢༡

Leave a Reply

One thought on “ཕྱི་རྒྱལ་ཡུལ་སྐོར་བ་ཚོ་བོད་ནང་ཡོང་མི་ཆོག

  1. རྡོ་རྗེ་ཚེ་རིང་།

    རང་གི་དཔལ་འབྱོར་དང་མིང་གྲགས། ཁེ་སོང་གི་ཆེད་དུ་རྒྱལ་དོན་ཁ་ལ་གཡར་ནས་བོད་བཞུགས་སྤུན་ཟླ་རྣམས་ལ་བསམ་བློ་མ་བཏང་བའི་ཁ་རྒྱག་དང་གཡོ་གཏམ་དེས་བོད་བཞུགས་ཀྱི་བོད་མི་ཚོར་དཀའ་ངལ་སྤྲང་སོང་།