བོད་མིའི་ཁང་པ་བཙན་གྱིས་བཤིག་ཏུ་བཅུག

དཀར་མཛེས་ཁུལ་རྟའུ་རྫོང་ས་གནས་སྲིད་གཞུང་གིས་བོད་མི་ཚོས་ཁང་པ་ཆེན་པོ་དང་དྲ་རྒྱས་པོ་རྒྱག་མི་ཆོག་ཟེར་ནས་བོད་ཁང་ཆེན་པོ་རྣམས་བཙན་གྱིས་བཤིག་ཏུ་འཇུག་གི་ཡོད་འདུགདེ་རིང་འདི་གར་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རྟའུ་རྫོང་སྲིད་གཞུང་གིས། བོད་མི་ཚོས་རྫོང་ཐོག་ཏུ་ཁང་པ་ཆེན་པོ་དང་དྲ་རྒྱས་པོ་རྒྱག་ཆོག་གི་མེད་ཅེས་དུས་བཅད་ནང་བོད་ཁང་ཆེན་པོ་རྣམས་བཤིག་ཚར་དགོས་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། གུན་གསབ་ཕྲན་བུ་རེ་སྤྲད་ནས་ས་གནས་གཞན་དུ་སྤོ་རུ་འཇུག་གི་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་དེང་སྐབས་བོད་ནང་གི་བོད་མི་མང་པོས་ཁང་པ་ཆེན་པོ་དང་དྲ་རྒྱས་པོ་རྒྱག་གི་ཡོད་པ་རེད། རྟའུ་རྫོང་ཐོག་ལ་མཚོན་ན། ས་གནས་བོད་མི་མང་པོས་རང་གི་ས་ཐོག་ཏུ་ཁང་པ་རྫིག་པོ་དེ་འདྲ་བརྒྱབས་ཡོད་པར་བརྟེན། རྫོང་སྲིད་གཞུང་གིས་ཁྱིམ་ཚང་འགའ་ཤས་ལ་ཁང་པ་རྩ་བ་ནས་གཏོར་བཅུག་སྟེ་གུན་གསབ་ལྟ་བུ་སྤྲད་དེ།  གཞུང་གི་བཀའ་ཁྱབ་གཞིར་བཟུང་ས་གནས་གཞན་དུ་སྡོད་ཀྱི་ཡོད་པ་དང་། ཡང་ཁང་པ་ཆེན་པོ་ཡོད་མཁན་ཁྱིམ་ཚང་འགའ་ཤས་ཀྱི་ཁང་པ་གཏོར་གྱི་མེད་ཀྱང་ཁོང་ཚོའི་ས་ནས་དངུལ་ཕོན་ཆེན་ལེན་གྱི་ཡོད་སྐོར་དང་། སྲིད་གཞུང་གི་བཀའ་རྒྱའི་འོག་གཞུང་གི་ལས་མི་ཚོས་ཁང་པ་གཏོར་ན་ནང་གི་བཅའ་དངོས་རྣམས་ལའང་གཏོར་ཆག་གཏོང་གི་ཡོད་པས།  ས་གནས་བོད་མི་རང་ངོས་ནས་བཤིག་གི་ཡོད་སྐོར་བརྗོད་བྱུང་།

རྟའུ་རྫོང་ཐོག་གི་ས་གནས་བོད་མི་ཞིག་གིས་སྐད་འཕྲིན་ནང་། རང་གི་ཁང་པ་བཤིག་བཞིན་པའི་བརྙན་ཐུང་ཞིག་སྤེལ་བའི་ནང་། ང་ཚོས་ཁང་པ་དེ་འདྲ་ལས་བཞིན་ཡོད་པ་དང་། ང་ཚོ་བོད་མི་རིགས་འདི་ཉམ་ཆུང་དང་ཉག་ཕྲ་བའི་རྐྱེན་གྱིས་རྒྱ་གུང་ཁྲན་ཏང་གིས་མར་བཤིག་དགོས་ཟེར་ནས། ད་ལྟ་མར་བཤིག་གི་ཡོད་པ་རེད། ཁང་པ་ལས་འཇུག་གི་ཡོད་མ་རེད། བོད་ཡུལ་རང་གི་ས་ཐོག་གི་ཤིང་བཅད་ནས་ཁང་པ་ལས་དུས། ཁང་པ་ལས་མི་ཆོག་ཟེར་ནས་བཤིག་དགོས་ལབ་པ་ལྟར་བཤིག་གི་ཡོད་པ་རེད། ཅེས་བརྗོད་འདུག

ཡང་ས་གནས་བོད་མི་གཞན་ཞིག་གིས། དེང་སྐབས་རྟའུ་རྫོང་དུ་བོད་མི་རྣམས་ལ་དམ་དྲག་ཤུགས་ཆེན་པོ་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་ལ། བལ་ཡུལ་དུ་གནས་སྡོད་བོད་མི་ཞིག་གིས་ཟླ་གཅིག་ཡས་མས་ཀྱི་གོང་ནས་བཟུང་དཀར་མཛེས་ཕྱོགས་སུ་སྐད་འཕྲིན་སོགས་སྤྱི་ཚོགས་བརྒྱུད་ལམ་ལ་དམ་དྲག་དང་དོགས་ཟོན་ཤུགས་ཆེ་རུ་ཕྱིན་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༢/༢༡

Leave a Reply