ཁ་བྲལ་ལས་འགུལ་སྤེལ་བའི་རང་དབང་ཡོད་ན་དེ་ལ་ངོ་རྒོལ་བྱེད་པའི་རང་དབང་ཡོད་ཟེར།

རྒྱ་ནག་གཞུང་གི་མགྲིན་ཚབ་པས་རྒྱ་རིགས་སློབ་མ་ཚོས་བོད་ཀྱི་བུ་མོ་འཆི་མེད་ལྷ་མོ་ལགས་དང་ཡུ་གུར་བུ་མོ་རའོ་ཀེ་ཡེ་ཊར་དྷི་ཤི་ལགས་གཉིས་ལ་ངོ་རྒོལ་བྱས་ཏེ་དྲང་བདེན་དང་རྒྱལ་གཅེས་ཀྱི་བྱ་འགུལ་སྤེལ་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཅེས་བསྒྲགས་འདུགཟླ་འདིའི་ཕྱི་ཚེས་ ༢༠ ཉིན། ཁ་ན་ཌར་ཡོད་པའི་ཡུ་གུར་སློབ་མའི་ཚོགས་པ་གཉིས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱིས། ཁ་ན་ཌའི་ཕྱི་སྲིད་བློན་ཆེན་ཁཱ་རེ་སི་ཊ་ཧྥི་ལན་ཌི་(Chrystia Freeland)དང་སྤྱི་དམངས་བདེ་འཇགས་བློན་ཆེན་རཱལ་ཧྥ་གྷོ་དྷལ་(Ralph Goodale)གཉིས་ཀྱི་མཚན་ཐོག་ལ་འཕྲིན་ཡིག་ཅིག་བསྐུར་ཏེ།ཉེ་སྔོན་བོད་ཀྱི་བུ་མོ་འཆི་མེད་ལྷ་མོ་ལགས་ཊོ་རིན་ཊོ་གཙུག་ལག་སློབ་ཆེན་གྱི་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས་པ་དང་། ཡུ་གུར་གྱི་བུ་མོ་རའོ་ཀེ་ཡེ་ཊར་དྷོ་ཤི་(Rukiye Turdush)ལགས་ཀྱིས་མེག་མཱ་སི་ཊིར(McMaster University)གཙུག་ལག་སློབ་ཁང་དུ་ཡུ་གུར་སྐོར་གྱི་གཏམ་བཤད་སྤེལ་སྐབས། རྒྱ་རིགས་སློབ་མ་ཚོས་ངོ་རྒོལ་དང་རྒོལ་གཏམ་བསྒྲགས་པའི་གནད་དོན་དེའི་རྒྱབ་ཏུ་རྒྱ་ནག་གཞུང་གི་ཐེ་བྱུས་ཡོད་མེད་རྟོག་ཞིབ་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

འབོད་སྐུལ་ཞུ་ཡིག་དེའི་ནང་ང་ཚོས་ཁ་ན་ཌ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གང་འཁོད་ཡོད་པ་ལག་བསྟར་གྱིས་ཐེངས་འདིའི་དོན་རྐྱེན་གཉིས་ཀྱི་ཐད་རྒྱ་ནག་གཞུང་གི་ཐེ་བྱུས་ཡོད་མེད་སྐོར་ལ་རྟོག་ཞིབ་བྱ་རྒྱུའི་རེ་བ་ཞུ་ཡི་ཡོད་ཅེས་བརྗོད་ཡོད་པ་དང་། ཁ་ན་ཌའི་བྷོག་གཙུག་ལག་སློབ་གཉེར་ཁང་(Brock University)གི་སློབ་དཔོན་ཆར་ལེ་སི་བྷར་ཊོན(Charles Burton)ལགས་ཀྱིས། གལ་ཏེ་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་རིགས་སློབ་མ་ཚོ་བརྒྱུད་ནས་ཁ་ན་ཌའི་ནང་བྱ་སྤྱོད་དེ་ལྟ་བུ་སྤེལ་བཅུག་ཡོད་ན། དེ་ནི་སློབ་གསོའི་རང་དབང་གི་ལུགས་དང་མཐུན་གྱི་མེད་པས་གཞུང་ངོས་ནས་རྟོག་ཞིབ་དང་སྟངས་འཛིན་དགོས་སྐོར་བརྗོད་འདུག

ཁ་ན་ཌའི་(Kingston Whig-Standard)གསར་ཁང་གིས་བརྗོད་པ་ལྟར་ན། ཐེངས་འདིའི་གཙུག་ལག་སློབ་ཆེན་གཉིས་ཀྱི་དོན་རྐྱེན་ཁྲོད་རྒྱ་ནག་གཞུང་གིས་ཐད་ཀར་ཐེ་བྱུས་བྱས་ཡོད་མེད་དཔང་རྟགས་གསལ་བོ་མེད་ན་ཡང་། ཡུ་གུར་བུད་མེད་རའོ་ཀེ་ཡེ་ཊར་དྷོ་ཤི་ཡིས་མེག་མཱ་སི་ཊིར(McMaster University)གཙུག་ལག་སློབ་ཆེན་དུ་གཏམ་བཤད་བྱེད་སྐབས། རྒྱ་རིགས་སློབ་ཕྲུག་ཚོས་ཁ་ན་ཌའི་རྒྱ་ནག་གཞུང་ཚབ་ཁང་ལ་འབྲེལ་བ་བྱས་ཡོད་སྐོར་བརྗོད་ཡོད་པ་དང་། ཁ་ན་ཌའི་ཚན་རིག་དང་ལུས་རྩལ་བློན་ཆེན་ཀིར་སི་ཊེ་དྷན་ཁཱན(Kirsty Duncan)ལགས་ཀྱིས་གནད་དོན་དེའི་ཐད་རྒྱ་ནག་གཞུང་གི་ཐེ་བྱུས་ཡོད་མེད་རྟོག་ཞིབ་བྱ་དགོས་པ་དང་། གང་དུ་ཡང་གཞན་ལ་རང་དབང་གིས་བརྙས་བཅོས་དང་ངན་དམོད་དབྱེ་འབྱེད་སོགས་བྱེད་ས་མེད་སྐོར་སོགས་བརྗོད་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་རྒྱ་རིགས་སློབ་མ་ཚོས་གནད་དོན་དེ་འབྲེལ་གྱི་བྱ་སྤྱོད་ཐེར་འདོན་དང་། ཁོ་ཚོའི་རྒྱབ་ཏུ་རྒྱ་ནག་གཞུང་ཡོད་སྐོར་སོགས་ཀྱི་དོགས་གཞི་མང་པོ་བསླངས་ཡོད་སྟབས། ཁ་ན་ཌའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པས་ཕྱིའི་གསར་ལམ་ཁག་གིས་དོན་མེད་དུ་རྒྱ་ནག་ལ་མ་ཉེས་ཁ་གཡོག་བྱས་ཡོད་སྐོར་གྱི་རྒོལ་གཏམ་ཞིག་སྤེལ་ཡོད་པའི་ནང་། ཉེ་སྔོན་ཁ་ན་ཌའི་གཙུག་ལག་སློབ་གཉེར་ཁང་གཉིས་སུ་བསྟུད་མར་དོན་རྐྱེན་གཉིས་བྱུང་བར་ང་ཚོས་དོ་སྣང་བྱས་ཡོད་ལ། བོད་དང་ཤིན་ཅང་ཐད་ཀྱི་གནད་དོན་ནི་རྒྱ་ནག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་འབྲེལ་བ་ཡོད་པ་དང་རྒྱ་ནག་གི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད། རྒྱ་ནག་སྲིད་གཞུང་གིས་ཁྲིམས་ལྟར་བོད་དང་ཤིན་ཅང་གི་མི་རིགས་སོ་སོའི་མི་མང་གི་ཆོས་ལུགས་དད་མོས་རང་དབང་དང་དབང་ཆ་ཁག་ལ་སྲུང་སྐྱོང་བྱེད་བཞིན་ཡོད་པ་དང་། མངའ་ཁོངས་ཕྱི་ནང་ཀུན་གྱི་སྟོབས་ཤུགས་ཁག་གསུམ་ལ་རྡུང་རྡེག་གཏོང་ཆེད། རྒྱ་ནག་གཞུང་གིས་ཤིན་ཅང་དུ་འཇིགས་སྐུལ་དྲག་རྒོལ་དང་ཐལ་སྤྱོད་ཅན་མེད་པར་བཟོ་བའི་ལས་དོན་སྤེལ་ཡོད་ཅིང་ཕན་ནུས་མངོན་གསལ་ཐོན་ཡོད། ཅེས་བརྗོད་འདུག

ཡང་གཞུང་ཚབ་ཁང་གི་མགྲིན་ཚབ་པ་དེས། རྒྱལ་ཁབ་དང་མི་སྣ་སུ་ཞིག་གིས་ཐབས་ཤེས་གང་རུང་ལ་བརྟེན་ནས་ཤིན་ཅང་ཁ་བྲལ་དུ་གཏོང་བའི་སྟོབས་ཤུགས་དང་། བོད་རང་བཙན་ཞེས་རྒྱ་ནག་ལ་ངོ་རྒོལ་བྱེད་པའི་ཁ་བྲལ་གྱི་བྱེད་སྒོ་སྤེལ་བ་ལ་རྒྱབ་སྐྱོར་དང་སྟབས་བདེ་མཁོ་འདོན་བྱེད་པར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། ཉེ་ཆར་གཙུག་ལག་ཁང་དུ་བྱུང་བའི་དོན་རྐྱེན་གཉིས་དེ་ཁ་ན་ཌའི་རྒྱ་ནག་གཞུང་ཚབ་ཁང་ལ་འབྲེལ་བ་མེད་ན་ཡང་། རྒྱ་ནག་གི་ཕྱི་སྡོད་སློབ་མའི་དྲང་བདེན་དང་རྒྱལ་གཅེས་བྱ་འགུལ་ལ་ང་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད། བདག་དབང་སྲུང་སྐྱོབ་དང་ཁ་བྲལ་ལ་ངོ་རྒོལ་བྱེད་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་ཡིན་ལ། ཁ་ན་ཌ་སྲིད་གཞུང་གིས་ལག་ལེན་དུ་བསྟར་བའི་ལངས་ཕྱོགས་ཀྱང་ཡིན། ཞེས་བརྗོད་འདུག

མཇུག་ཏུ་ཁ་ན་ཌ་ནི་སྣ་མང་རང་བཞིན་དང་སྨྲ་བརྗོད་རང་དབང་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པ་དང་།  ཤིན་ཅང་ཁ་བྲལ་སྟོབས་ཤུགས་དང་བོད་རང་བཙན་ཚོགས་པ་ལ་གཏམ་བཤད་སྤེལ་བའི་རང་དབང་ཡོད་ན། དེ་ལ་ངོ་རྒོལ་བྱེད་མཁན་ལའང་གཏམ་བཤད་སྤེལ་བའི་རང་དབང་ཡོད་དགོས་ངེས་རེད། ཁ་ཤས་ཀྱིས་གོང་གི་དོན་དག་ལ་ཁ་གཡར་ནས་རྒྱ་ནག་གཞུང་ལ་དོན་མེད་སྐྱོན་འཛུགས་བྱས་པ་དང་། རྒྱ་ནག་ལ་ངོ་རྒོལ་བྱེད་པའི་བསམ་ཚུལ་ངན་སྐུལ་བྱས་པར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན། ཁ་ན་ཌ་མང་ཚོགས་ཀྱིས་འབྲེལ་ཡོད་དོན་དག་ལ་ལྟ་ཞིབ་ཡང་དག་བྱེད་རྒྱུ་དང་། གསར་འགྱུར་ནོར་འཁྲུལ་ཅན་གྱིས་ལོག་ལམ་དུ་མི་ཁྲིད་པར་བྱ་རྒྱུའི་རེ་བ་ཡོད། ཅེས་བརྗོད་འདུག

ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་རྒྱ་རིགས་སློབ་མ་ཚོས་བོད་དང་ཡུ་གུར་གཙོའི་རྒྱ་ནག་གི་སྲིད་དབང་དང་འབྲེལ་བ་ཡོད་པའི་རིགས་ལ་ངོ་རྒོལ་བྱས་པ་ཐེངས་དང་པོ་མ་ཡིན་པར། དེ་སྔོན་བོད་དང་ཐའེ་ཝན་སོགས་ཀྱི་གནད་དོན་སྐོར་ནས་རྒྱ་རིགས་སློབ་མ་ཚོས་ངོ་རྒོལ་དང་སྐྱོན་བརྗོད་རིགས་སྣ་ཚོགས་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༨ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རིའི་ཁེ་ལི་ཧྥོ་ནི་ཡའི་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས། དེར་ཡོད་རྒྱ་རིགས་སློབ་མ་ཚོས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༢/༢༡

Leave a Reply