འདི་ལོ་རྒྱལ་སྤྱིའི་རྗེ་ཙོང་ཁ་པའི་ལོར་སྲུང་གཙི་ཞུ་རྒྱུ་ཡིན་འདུག

རྗེ་བཙུན་ཙོང་ཁ་པ་ཆེན་པོ་མཆོག་སྐུ་གཤེགས་ནས་ལོ་ངོ་ཧྲིལ་པོ་ ༦༠༠ འཁོར་བའི་དུས་དྲན་དང་བསྟུན་འདི་ལོ་རྒྱལ་སྤྱིའི་རྗེ་ཙོང་ཁ་པའི་ལོར་སྲུང་གཙི་ཞུ་རྒྱུ་ཡིན་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཐོག་བཞུགས་སྒར་རྣམ་རྒྱལ་གྲྭ་ཚང་གི་དཔེ་མཛོད་ཁང་དུ། འཛམ་གླིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་། གསར་འགོད་ལྷན་ཚོགས་ཐོག་དགའ་ལྡན་ཤར་བྱང་གི་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུས་འབྲས་སྤུངས་སྒོ་མང་དང་བློ་གསལ་གླིང་གི་མཁན་རིན་པོ་ཆེ་རྣམ་གཉིས། སེ་ར་བྱེས་སྨད་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས། བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ། རྒྱུད་གྲྭ་སྟོད་སྨད་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་དང་། དེ་བཞིན་ར་སྟོད་ཀྱི་མཁན་རིན་པོ་ཆེ་བཅས་འཛམ་གླིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཚོགས་ཀྱི་མཁན་རིན་པོ་ཆེ་བཅུ་དང་། དགེ་ལུགས་སྤྱི་འཐུས་རྣམ་གཉིས་བཅས་ཕེབས་གནང་འདུག

ཐེངས་འདིའི་གསར་འགོད་གསལ་བསྒྲགས་ཐོག རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དྲུང་ཆེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་པོ་དགེ་བཤེས་ལྷ་རམས་པ་བློ་བཟང་རྒྱ་མཚན་མཆོག་གིས་བསྒྲགས་གཏམ་སྒྲོག་སྦྱངས་གནང་སྐབས། འདས་ལོའི་ཕྱི་ཟླ་ ༡༢ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་སྐྱབས་རྗེ་ཁྲི་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་ཀྱིས་དབུས་པའི་དགེ་ལྡན་ལྷན་ཚོགས་ཀྱི་མཁན་རིན་པོ་ཆེ་ ༡༡ བཅས་ལྷན་འཛོམས་ཀྱི་ཐོག་ནས་རྒྱལ་སྤྱིའི་རྗེ་ཙོང་ཁ་པའི་ལོ་སྲུང་གཙི་ཞུ་གཏན་འཁེལ་བ་གསལ་བསྒྲགས་གནང་ཡོད་པ་ལྟར། འདི་ལོར་ཚོགས་པ་དང་། དགོན་སྡེ། མི་སྒེར་ངོས་ནས་བྱམས་མགོན་བླ་མ་རྗེ་ཙོང་ཁ་པ་ཆེན་པོ་མཆོག་ལ་དགའ་དད་སྤྲོ་གསུམ་གྱི་ངང་ནས་ལས་འགུལ་སྤེལ་རོགས་ཞེས་ཞུ་རྒྱུ་ཡིན་ཞེས་དང། བོད་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་རྣམས་ཀྱིས་རང་གི་འཇོན་ཚོད་དཔག་ཚོད་ཀྱིས་ཆོས་ཕྱོགས་ཀྱི་ལས་འགུལ་སྤེལ་རོགས་གནང་། ཞེས་གསུངས་སོང་།

འདི་ལོ་རྒྱལ་སྤྱིའི་རྗེ་ཙོང་ཁ་པའི་ལོར་སྲུང་གཙི་དང་འབྲེལ་བའི་གཞུང་འབྲེལ་ལས་རིམ་ཁྲོད། ཉེ་ཆར་ཕྱི་ཟླ་ ༡ ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་གྱི་རིང་དབུ་མ་སྙིང་པོ་སོགས་ཀྱི་བགྲོ་གླེང་གྱི་ལས་རིམ་དེ་ལེགས་པར་གྲུབ་ཟིན་པ་དང་། ད་ལྟའི་ཆར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གསུང་ཆོས་བསྩལ་བའི་གོ་སྐབས་དང་བསྟུན། སེར་སྐྱ་དད་ལྡན་མི་མང་ངོས་ནས་དམིགས་བརྩེ་མ་ས་ཡ་ ༦༠༠ གྲངས་གསོག་དང་། དད་ལྡན་མི་མང་ཡོངས་ལ་སྟོན་པ་དང་རྗེ་ཙོང་ཁ་པའི་སྣང་བརྙན་ ༡༠༠༠ རེ་འགྲེམ་སྤེལ་ཞུ་རྒྱུའི་ལས་རིམ་འགྲོ་བཞིན་ཡོད་པ་དང། ལོ་འདིའི་ནང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔར་བསྐྲུན་འགྲེམ་སྤེལ་དང་། རྩོམ་ཡིག་དང་བློ་རྒྱུགས་འགྲན་བསྡུར། ད་དུང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་ཧོང་ཀོང་དང་མ་ལེ་ཤི་ཡའི་ནང་གསུང་ཆོས་བསྩལ་རྒྱུ་དང་། གནས་མཆོག་རྡོ་རྗེ་གདན་དུ་སྨོན་ལམ་འཕར་མ་འཚོག་རྒྱུ། དེ་བཞིན་ཕྱི་ནང་གི་མཁས་པ་དང། བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་མཁས་པའི་བར་བགྲོ་གླེང་གནང་རྒྱུ་བཅས་ཀྱི་ལས་རིམ་གོ་སྒྲིག་གནང་གི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༢/༢༥

Leave a Reply to བློ་བཟང་། Cancel Reply

One thought on “འདི་ལོ་རྒྱལ་སྤྱིའི་རྗེ་ཙོང་ཁ་པའི་ལོར་སྲུང་གཙི་ཞུ་རྒྱུ་ཡིན་འདུག

  1. སྒོ་མང་མཁན་རིན་པོ་ཆེ་མཆོག་གི་མཚན་ལ་བློ་བཟང་རྒྱལ་མཚན་དང་ཁམས་ཚན་སྒོ་མང་མངའ་རིས་རེད།