ཤེས་རིག་ཚོགས་ཆེན་ཐེངས་བདུན་པ་དབུ་འཛུགས་གནང་སོང་།

ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་སྟེང་སྲིད་སྐྱོང་མཆོག་གིས་འཛམ་གླིང་རྒྱ་ནག་ལ་སེམས་འཁྲལ་བྱེད་བཞིན་པའི་སྐབས་བོད་མི་ཚོས་ནང་ཁུལ་རྙོག་གྲྭ་རྐྱང་རྐྱང་ལ་མགོ་འཁོར་ནས་བསྡད་འདུག་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་། གངས་ཅན་སྐྱིད་གཤོངས་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཁང་ཆེན་མོའི་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཕྱི་ཚེས་ ༢༣ ནས་ ༢༥ བར་ཉིན་གྲངས་ ༣ རིང་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་ ༧ དབུ་འཛུགས་ཀྱི་མཛད་སྒོ་ཚོགས་སོང་བ་དང་། ཚོགས་འདུའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་ཁྲིམས་ཞིབ་པ་ཆེ་བ་བཀའ་རྒྱུད་དོན་འགྲུབ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གི་དབུས་སྤྱི་འཐུས་རྒྱུན་ལས་རྣམས་དང་། ཤེས་རིག་ལྷན་ཁང་གི་ལས་བྱེད་ཡོངས་དང་རྒྱ་བལ་གྱི་བོད་སློབ་ཁག་ནས་ཕེབས་པའི་མཉམ་ཞུགས་པ་སོགས་ཁྱོན་མི་གྲངས་ ༣༠༠ མ་ཟིན་ཙམ་འཛོམས་འདུག

མཛད་སྒོའི་ཐོག་མར་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་ཀྱིས་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པའི་གྲོས་ཆོད་ལག་བསྟར་ཅི་ཞུས་སྙན་སྒྲོན་གནང་སོང་བ་དང་། དེ་རིང་འདིར་ཤེས་རིག་ཚོགས་ཆེན་ཐེངས་ ༦ པའི་གྲོས་ཆོད་ལག་བསྟར་ཞུས་པ་ཆ་ཚང་ཞུ་དགོས་ན་དུས་ཚོད་དང་ཕྱོགས་གང་གི་ཐད་ནས་ཁག་པོ་ཆགས་འདུག རྩ་བའི་ཉེ་སྔོན་སློབ་གྲྭ་སོ་སོ་ནས་ཚོགས་ཆེན་ཐེངས་ ༦ པའི་གྲོས་ཆོད་ལག་བསྟར་གང་གནང་པ་དེའི་ལས་བསྡོམས་ཡར་ཕུལ་རོགས་ལབ་པ་ལྟར། སློབ་གྲྭ་མང་ཆེ་བས་སྔོན་མའི་གྲོས་ཆོད་གང་ཡོད་པ་དེ་ལག་བསྟར་ཚགས་ཚུད་པོ་དང་ཧ་ཅང་ཡག་པོ་གནང་འདུག་ལ། དེ་རིང་འདིར་ཐེངས་སྔོན་མའི་ཤེས་རིག་ཚོགས་ཆེན་ཐོག་གྲོས་གཞི་དང་པོ་དེ་གཏན་ཉིན་སློབ་གྲྭ་ཁག་གི་ནང་ཤེས་ཡོན་ཤེས་ཚད་འདང་མིན་གཙོ་བོ་དགེ་རྒན་ལ་རག་ལས་ཡོད་སྟབས། དགེ་རྒན་གྱི་སྤུས་ཚད་ཡར་རྒྱས་གཏོང་སླད་ཟབ་སྦྱོང་དང་སྦྱོང་བརྡར། ཤེས་ཡོན་གྱི་ལས་རིམ་གོང་འཕེལ་གཏོང་རྒྱུ་དང་ཡིག་འབྲེལ་ལམ་ནས་དགེ་རྒན་ཚོར་གོ་སྐབས་བསྐྲུན་ཐབས་སོགས་ཀྱི་གྲོས་ཆོད་ཅིག་བཞག་འདུག དེར་བརྟེན། ཤེས་རིག་ལས་ཁུངས་ཀྱིས་འདས་པའི་ལོ་ ༥ ནང་དགེ་རྒན་ཆེད་ལས་དང་འབྲེལ་བའི་རྩ་འཛུགས་ལམ་སྟོན་ཡིག་ཆ་ཞིག་དབྱིན་ཡིག་དང་བོད་ཡིག་གཉིས་ནང་གཏན་འབེབས་དང་དཔར་བསྐྲུན་གྱིས་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་ཞུས་ཡོད། དགེ་རྒན་གྱི་ཆེད་ལས་ཐོག་སློབ་སྟོན་མི་སྣ་སློབ་གྲྭ་ཁག་ཚང་མའི་ནང་ཕེབས་ནས་ལམ་སྟོན་ཞུས་ཡོད། དེ་བཞིན། ད་ལྟ་ཤེས་རིག་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་༣༢ ནང་དགེ་རྒན་ཆེད་ལས་སྦྱོང་བརྡར་གྱི་ལས་རིམ་ཚགས་ཆུད་པོ་བྱས་ནས་འགྲོ་དང་འགྲོ་བཞིན་པ་ཡིན། དགེ་རྒན་གྱི་ཆེད་ལས་སྦྱོང་བརྡར་ཞོར་དུ་སློབ་གྲྭ་ཁག་ ༤༠ ནང་དགེ་རྒན་གྱི་ཟུར་བསྟེན་དཔེ་མཛོད་གསར་འཛུགས་ཞུ་ཐུབ་པ་བྱུང་ཡོད། དགེ་རྒན་གྱི་ཆེད་ལས་དང་འབྲེལ་ནས་དྲ་ཚིགས(Tibetteacher.com)ཞེས་པ་གསར་བཟོ་བྱས་ཏེ་དགེ་རྒན་ཆེད་ལས་དང་འབྲེལ་བའི་ལས་གཞི་དང་བྱེད་སྒོ་ཁག་སྤེལ་གྱི་ཡོད། དགེ་རྒན་ཆེད་ལས་དང་འབྲེལ་ནས་ཁྱོན་དགེ་རྒན་ ༨༠༠ ཙམ་ལ་ཁེ་ཕན་བྱུང་དང་འབྱུང་གི་ཡོད་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་ད་ལྟའི་བར་དགེ་རྒན་ཆེད་ལས་སྦྱོང་བརྡར་ཁྲོད་དགེ་ལས་ག་ཚོད་ཞུགས་ཡོད་པ་དང་སློབ་ཚན་གང་གི་དགེ་རྒན་ཞུགས་ཡོད་མེད་སྐོར་ལ་ཁོང་གིས། ཕྱི་ལོ་ ༢༠༡༤ ནས་ད་སྔ་བར་ཤེས་རིག་ལས་ཁུངས་ནས་དགེ་རྒན་ ༧༨ ལ་ཡིག་འབྲེལ་སྦྱོང་བརྡར་གྱི་གོ་སྐབས་བསྐྲུན་ཡོད་པ་དང་། དགེ་རྒན་གྱི་སྤུས་ཚད་ཡར་རྒྱས་ཆེད་ད་སྔ་བར་ཟབ་སྦྱོང་ཐེངས་ ༥༠ ལྷག་ཕུལ་ཡོད་པ་དང་། དེའི་ནང་སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ། ཨང་རྩིས་དང་ཚན་རིག ལྟ་གྲུབ་དང་སྐད་ཡིག སྤྱི་ཚོགས་ཚན་རིག་སོགས་སློབ་ཚན་ཁག་ཚང་མའི་དགེ་རྒན་ཁྱོན་ ༡༤༠༠ ལྷག་མཉམ་ཞུགས་གནང་ཡོད་པ་དང་། ཐེངས་སྔོན་མའི་ཤེས་རིག་ཚོགས་ཆེན་ཐོག་དགེ་རྒན་རྣམས་ལ་དམིགས་བསལ་མཐུན་སྦྱོར་དང་ཆེ་མཐོང་དགོས་སྐོར་བཀོད་ཡོད་པར་ཤེས་རིག་ལས་ཁུངས་ནས་དགེ་རྒན་རྣམ་གསུང་ཆོས་དང་སྨན་ཁང་སོགས་སུ་ཕེབས་སྐབས་བང་རིམ་སྒྲིག་མི་དགོས་པར་དམིགས་བསལ་བསྐྱོད་ཆོག་པ་བཟོས་པ་དང་། བོད་མིའི་སྒྲིག་འཛུགས་ནས་དགེ་རྒན་རྣམས་ལ་ཆེ་མཐོང་ཆེད་དགེན་པདྨ་དབྱངས་ཅན་མཆོག་ཤེས་རིག་བཀའ་བློན་ལ་བསྐོ་བཞག་བྱུང་བ་དེ་དཔེ་མཚོན་ཞིག་ཆགས་ཀྱི་ཡོད་པ་དང་། དེ་བཞིན་གྲོས་ཆོད་ལག་བསྟར་མ་འཁྱོངས་པ་གཅིག་ཡོད་པ་ནི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཤིག་སྤྲོད་དགོས་པ་དེ་ཡིན་པ་དང་། གཞི་རིམ་འོག་མའི་འཛིན་རིམ་དང་པོ་ནས་གསུམ་པ་བར་དཔེ་མཛོད་གྲངས་ ༢༢༡ གསར་འཛུགས་དང་དེ་དག་གི་ནང་དུ་དཔེ་དེབ་ ༤༠༠ ལྷག་མཁོ་སྒྲུབ་བྱས་ཡོད། ཅེས་གསུངས་སོང་།དེའི་རྗེས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་བབ་དང་ལས་དོན་སྙིང་བསྡུས་ཤིག་ངོ་སྤྲོད་གནང་སོང་བ་དང་། བཀའ་བློན་མཆོག་གིས་རྒྱ་བལ་གཉིས་ཀྱི་ཁུལ་དུ་ཤེས་རིག་ལས་ཁུངས་སུ་དེབ་སྐྱེལ་ཡོད་པའི་གཞི་རིམ་སློབ་གྲྭའི་གྲངས་འབོར་དུས་ནས་དུས་སུ་འཕར་ཆ་ཅི་རིགས་བྱུང་དང་འབྱུང་བཞིན་ཡོད་པ་ལྟར། ད་ལྟའི་ཆར་སྔོན་འགྲོའི་སྡེ་ཁག་མ་རྩིས་པའི་སློབ་གྲྭ་ཁག་ ༦༨ ནང་སློབ་ཕྲུག་ཕོ་མོ་ཁྱོན་ ༡༩༠༣༤ ཡོདཔ་དང་། སློབ་གྲྭ་དེ་དག་ཏུ་དགེ་ལས་གྲངས་ ༢༠༨༧ ཡོད་ཁོངས་ནས་བོད་རིགས་དགེ་ལས་ ༡༥༣༨ ཡོད། གོང་ཞུས་གྲངས་ཐོའི་ནང་མེད་པའི་སློབ་ལོ་བརྒལ་བའི་དམིགས་བསལ་སློབ་གྲྭ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ད་ལྟ་སློབ་ཕྲུག་གྲངས་ ༥༢ དང་དགེ་ལས་གྲངས་ ༢༠ ཡོད། གཉིས་པ་སློབ་ཕྲུག་ཉམ་ཐག་ལ་འཚོ་སྣོན་དང་ཟས་གོས་གནས་མལ་རོགས་སྐྱོར། ད་ལྟའི་ཆར་གཏན་གནས་སློབ་གྲྭ་ཁག་ཏུ་རྒྱ་གར་གཞུང་ནས་གཏན་སློབ་སློབ་ཕྲུག་གྲངས་ ༤༨༨ ལ་ཟས་གོས་གནས་མལ་གྱི་འགྲོ་གྲོན་ཆ་ཚང་གནང་མུས་དང་། ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་གྲངས་༢༡༨ ལ་ཟས་གོས་གནས་མལ་གནང་མུས་ཡིན། བོད་ཁྱིམ་ངོས་ནས་སློབ་བཤེར་གནང་བའི་ཉམ་ཐག་སློབ་ཕྲུག་གྲངས་ ༥༢༠༠ ལ་སློབ་གྲོན་ཆ་ཚང་དང་འཚོ་སྣོན་གནང་བཞིན་པ་ ༡༡༥༤ ཡོད། བལ་ཡུལ་གངས་ཅན་བདེ་རྩ་ཚོགས་པ་དང་སློབ་གྲྭ་སོ་སོའི་འཛིན་སྐྱོང་བརྒྱུད་བལ་ཡུལ་ཁུལ་གྱི་སློབ་ཕྲུག་གྲངས་ ༨༢༡ ལ་ཟས་གོས་གནས་མལ་གྱི་མཐུན་འགྱུར་གནང་བཞིན་པ་དང་། སམ་བྷོ་ཊའི་ཁྱབ་ཁོངས་སུ་སློབ་གྲོན་ཆ་ཚང་གནང་བཞིན་པའི་སློབ་ཕྲུག་གྲངས་ ༢༠༠ ཆགས་ཡོད། བཀའ་ཤག་གི་ལམ་སྟོན་ལྟར། བོད་མི་རིགས་ཀྱི་འཐབ་རྩོད་ལ་འཕྲལ་ཕུགས་གང་ཐད་ནས་མི་འབོར་ཉུང་བའི་དཀའ་ངལ་ལ་བརྟེན། ཕྲུ་གུ་མང་པོ་སྐྱེད་སྲིང་དང་སྲུང་སྐྱོབ་ཡོང་སླད་ཁྱིམ་ཚང་གང་ཞིག་ལ་ཕྲུ་གུ་ ༣ དང་དེའི་ཡན་ཡོད་རིགས་ལ་གཞི་རིམ་སློབ་གྲྭའི་འཛིན་རིམ་བཅུ་གཉིས་པར་དམིགས་བསལ་འཚོ་སྣོན་དང་འཛིན་རིམ་ ༦ པ་ནས་བོད་ཁྱིམ་དང་སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་ཏུ་རིན་མེད་སློབ་འཇུག་གི་གོ་སྐབས་གནང་བཞིན་ཡོད་པ་མ་ཟད། མཐོ་རིམ་སློབ་ཡོན་སོགས་ཀྱི་དམིགས་བསལ་རོགས་སྐྱོར་གནང་མུས་ཡིན། ད་ལྟའི་ཆར་ཕྲུ་གུ་གྲངས་ ༥༤༧ ཙམ་ལ་རོགས་སྐྱོར་གནང་མུས་ཡིན། ཅེས་གསུངས་སོང་།ད་ལྟའི་ཆར་བོད་སློབ་ཁག་ནས་ལོ་རེར་འཛིན་གྲྭ་བཅུ་གཉིས་ཐོན་པའི་སློབ་ཕྲུག་ག་ཚོད་ཡོད་པ་དང་རྒྱ་གར་དབུས་གཞུང་གི་འོག་ཡོད་པའི་བོད་སློབ་ག་ཚོད་རྩིས་ལེན་ཐུབ་ཡོད་པ་ག་ཚོད་ཐུབ་མེད་པ་སོགས་ཀྱི་སྐོར་ལ།  བར་ལམ་ནས་ལོ་རེར་འཛིན་རིམ་ ༡༢ ཐོན་མཁན་གྱི་སློབ་ཕྲུག་གྲངས་ཆིག་སྟོང་བརྒལ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་འཛིན་རིམ་ ༡༢ ཐོན་མཁན་སློབ་ཕྲུག་གྲངས་ ༡༢༣༠ ཙམ་བྱུང་འདུག སློབ་ཐོན་གྱི་གྲངས་འབོར་དེའི་ཕྱེད་ཀ་ཙམ་བོད་ཁྱིམ་ནས་ཡིན་ཞིང་། བོད་ཁྱིམ་གྱིས་མཐོ་སློབ་སློབ་ཡོན་གནང་བཞིན་པའི་སློབ་མ་ ༡༥༡༠ ཡོད། བོད་ཁྱིམ་ཉིད་ནས་ལོ་རེར་སློབ་ཡོན་གསར་པ་ ༣༥༤ ཙམ་གནང་བཞིན་ཡོད། གཞན་རྒྱ་གར་བོད་སློབ་འཛིན་ཚོགས་དང་སམ་བྷོ་ཊ་བོད་སློབ་ཚོགས་པ། བལ་ཡུལ་གངས་ཅན་བདེ་རྩ། དོན་འགྲུབ་གླིང་གཞིས་སློབ་བཅས་ཀྱི་སློབ་གྲྭའི་ཁོངས་ནས་ཐོན་པའི་སློབ་ཕྲུག་ཚོར་སློབ་ཡོན་ཐོབ་ཁོངས་ཤེས་རིག་ལས་ཁུངས་ཡིན་ཞིང་། ཤེས་རིག་ལས་ཁུངས་ངོས་ནས་མཐོ་རིམ་སློབ་ཡོན་གནང་བཞིན་པའི་སློབ་མ་གྲངས་ ༡༡༡༨ དང་ལོ་རེར་སློབ་ཡོན་གསར་པ་སློབ་ཕྲུག་གྲངས་ ༤༨༣ གནང་མུས་ཡིན། ཕྱི་ལོ་ ༡༩༩༨ ནས་ད་སྔ་བར་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ཏུ་སློབ་ཕྲུག་གི་མདུན་ལམ་རྒྱབ་སྐྱོར་དང་ལམ་སྟོན་བྱེད་པའི་མདུན་ལམ་ལམ་སྟོན་པ་ཁྱོན་ ༡༥ ཡོད་པ་དང་།  བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་སློབ་གྲྭ་ཁག་གི་སློབ་དེབ་ཁྲོད་ཐ་སྙད་ཁྱོན་ ༡༣༠༠༠ གཏན་འབེབས་བྱུང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་བོད་སློབ་ཁག་ ༡༤ རྩིས་སྤྲོད་རྩིས་ལེན་བྱེད་རྒྱུ་ཡིན་པའི་ཁྲོད་སློབ་གྲྭ་ ༨ རྩིས་ལེན་གྲུབ་ཟིན་པ་དང་ད་ལྟ་སློབ་གྲྭ་ ༦ ལས་ལྷག་ཡོད་པ་མ་རེད། ཅེས་གསུངས་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་སྐབས། ཐོག་མར་བཙན་བྱོལ་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུས་པའི་རྒྱ་གར་མཁས་དབང་ཁག་ཅིག་དང་བོད་ནང་པཎ་ཆེན་པོ་ཆེ་མཆོག་དབུས་པའི་དུང་དཀར་བློ་བཟང་འཕྲིན་ལས་དང་ཨ་ཁུ་དམུ་དགེ་བསམ་གཏན་སོགས་བོད་ཀྱི་ཤེས་རིག་གི་སྡེ་ལ་མཛད་རྗེས་ཆེ་བའི་མཁས་དབང་རྣམ་ལ་རྗེས་དྲན་སྔོན་དུ་ཞུས་པ་དང་སྤྲགས་གསུང་དོན། ཤེས་རིག་ཚོགས་ཆེན་ཐེངས་ ༦ པའི་གྲོས་ཆོད་ཁག་ཕྱག་བསྟར་འཁེལ་བ་དང་མ་འཁེལ་བ་རྣམས་མ་འོངས་བྱོན་རིམ་བཞིན་ལག་ལེན་འཁེལ་བར་བྱེད་རྒྱུ་ཡིན་པའི་སྙན་གསེང་ཞུས་ཟིན་པ་ཡིན་སྟབས་དེར་ངས་དམིགས་བསལ་གྱི་ལྡབ་སྐྱོར་བྱེད་མི་དགོས་པར་འབད་བརྩོན་ཞུ་རྒྱུ་ཡིན། འོན་ཀྱང་། ཚོགས་ཆེན་ཐེངས་དྲུག་བསྐྱངས་ཟིན་པ་དང་ཚོགས་ཆེན་ཐེངས་བདུན་པ་སྐྱོང་བཞིན་པའི་དེ་རིང་ནས་གྲོས་ཆོད་ཁག་རིམ་པའི་ཕྱག་བསྟར་འཁེལ་ཐུབ་པ་དེ་ཚོར་ལེགས་སོ་བསྔགས་བརྗོད་ཞུ་ཡི་ཡོད། ལོ་ ༥ ནང་ཕྱག་བསྟར་འཁེལ་མ་ཐུབ་པ་དེ་དག་ག་བ་ལ་ཐེག་བསྡད་ཡོད་པ་རེད། ག་རེ་བྱས་ནས་ཐེག་གི་ཡོད་རེད། ག་རེ་བྱས་ནས་ལག་བསྟར་འཁེལ་གྱི་ཡོད་མ་རེད་བསམ་པ་རྣམ་པ་ཚོས་རྒྱང་བཞེས་གནང་དགོས་རེད་གསུང་བ་ནང་བཞིན་གནང་རོགས་བྱས་ཞུ་རྒྱུ་ཡིན། ལྷག་པར་དུ་གྲོས་ཆོད་ཁག་ཁ་ཤས་ཚོགས་ཆེན་རིམ་པའི་ནང་མུ་མཐུད་བསླེབས་བསྡད་པ་དང་། ཚོགས་ཆེན་རིམ་པའི་ནང་བསླེབས་བསྡད་པ་ཡིན་ན། དེ་དག་ལ་འགྲོ་གྲོན་གྱི་འདང་གི་མེད་པ་དང་། ཡང་ན་མིའི་ནུས་པའི་མ་འདང་བ་སོགས་ག་རེ་འདང་གི་མེད་པ་ཡིན་ནམ། འོ་ན་གྲོས་ཆོད་དེ་དག་ཕྱག་བསྟར་མི་འོས་པ་ཞིག་གྲོས་ཆོད་དུ་བཞག་པ་ཡིན་མིན་སོགས་ཀྱི་ཐོག་དཔྱད་པ་གནང་དགོས་པ་གནད་འགག་རེད་བསམ་ནས་ཞུ་འདོད་བྱུང་། སྤྱིར་བཏང་ང་ཚོས་ཚོགས་ཆེན་ཚོགས་དགོས་པ་དེ་རང་བཞིན་གྱི་གནད་འགོག་རེད་ལ། ཚོགས་ཆེན་ཚོགས་ཚར་བའི་རྗེས་སུ་གྲོས་ཆོད་ཅིག་འཇོག་དགོས་པའང་རང་བཞིན་ཆགས་འགྲོ་ཡི་ཡོད་ན་ཡང་། གྲོས་ཆོད་དེ་དེ་རིང་ཚོགས་ཆེན་ཞིག་ཚོགས་པའི་རྣམ་པ་ཙམ་གྱི་ཐོག་བཞག་པ་མ་ཡིན་པར་ཁ་ཞེ་གཉིས་མེད་ཀྱི་ཕྱག་བསྟར་འཁྱེར་རྒྱུ་ཡོད་པ་ཞིག་དང་ཐུགས་ཕན་གསོས་རྒྱུ་ཡོད་པ་ཞིག་དགོས་ཀྱི་ཡོད་རེད། ཅེས་གསུངས་སོང་།
མཇུག་ཏུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཁ་སང་དེ་རིང་རྒྱ་ནག་གི་སྲིད་བྱུས་འཛིན་ཕྱོགས་སོགས་ཀྱི་སྐོར་ལ་འཛམ་གླིང་གིས་ཡ་ལན་ཇི་ལྟར་སློག་གི་ཡོད་པའི་སྐོར་སོགས་ཆབ་སྲིད་ཀྱི་སྐོར་ཅུང་ཙམ་ཞུས་ན། ད་ལྟའི་ཆར་འཛམ་གླིང་སྤྱི་ཡོངས་ནང་བགྲོ་གླེང་ག་རེ་འགྲོ་ཡི་ཡོད་པ་རེད་ལབ་ན། རྒྱ་ནག་དེ་འཛམ་གླིང་ནང་དཔལ་འབྱོར་དང་ཆབ་སྲིད། དམག་སོགས་ཀྱི་ཐོག་ནས་སྟོབས་ཤུགས་ཆེ་ཤོས་ཆགས་ས་རེད་ཟེར་གྱི་ཡོད་པ་རེད། དེར་བརྟེན། དེ་ལ་གདོང་ལེན་ག་འདྲ་བྱས་ནས་བྱེད་དགོས་རེད་ལབ་ནས་བགྲོ་གླེང་ཤུགས་ཆེན་པོ་འགྲོ་ཡི་ཡོད་པ་དང་། དཔེར་ན། ང་ལོ་ལྟར་ཧ་ལི་ཧྥེ་ཁུ་སི་(Halifax Conference)ཚོགས་འདུར་འགྲོ་ཡི་ཡོད་པ་རེད། དམག་སྤྱི་དང་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བ་ཡོད་པའི་མཁས་དབང་མང་པོ་ཞེ་དྲགས་ཕེབས་ཀྱི་ཡོད་རེད། ད་ང་ལོ་ ༥ ཕྱིན་སོང་། ལོ་དང་པོར་ཁོ་རང་ཚོས་ཐ་ལི་བྷན་དང་ཨལ་ཁ་དྷ་སྐོར་བཤད་ཀྱི་འདུག ལོ་གཉིས་པར་ཨ་ཡི་ཨ་སི་(IS)སྐོར་བཤད་ཀྱི་འདུག ལོ་གསུམ་པར་ཨུ་རུ་སུའི་སྐོར་བཤད་ཀྱི་འདུག དེ་ནས་ལོ་བཞི་བར་ཨུ་རུ་སུ་དང་རྒྱ་ནག་སྐོར་བཤད་ཀྱི་འདུག ལོ་ལྔ་པར་གཙོ་བོ་རྒྱ་ནག་སྐོར་བཤད་ཀྱི་འདུག མང་གཙོའི་རྒྱལ་ཁབ་ ༩༠ ཡི་སྐུ་ཚབ་ཕར་འཛོམས་བསྡད་ཡོད་པ་རེད། ང་ཚོ་ཚང་མས་གདོང་ལེན་བྱེད་དགོས་པ་དེ་ག་རེ་ལབ་ན། རྒྱ་ནག་འཛམ་གླིང་གི་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་པ་ཡིན་ན་འཛམ་གླིང་ལ་ཉེན་ཁ་ག་རེ་ཡོད་པ་དང་། དེ་ལ་ང་ཚོས་གདོང་ལེན་ཇི་ལྟར་བྱེད་དགོས་སམ་ཞེས་ཉིན་ ༣ རིང་གི་བགྲོ་གླེང་ཆ་ཚང་དེ་རེད། དེར་བརྟེན། ཁོ་རང་ཚོས་བདེ་འཇགས་སྲུང་སྐྱོབ་ཐོག་ནས་རྒྱ་ནག་གིས་སྒྲ་ལས་མགྱོགས་པའི་མེ་ཤུགས་འཕུར་མདའ་(Super Sonic Missile)ཞེས་པ་བཟོ་ཡི་ཡོད་རེད། དེ་བཀག་འགག་དང་སྲུང་སྐྱོབ་བྱེད་པར་ཨ་རིར་ཡང་མེད་པས་ང་ཚོས་དེར་ཁ་གཏད་ག་འདྲ་བྱས་ནས་བྱེད་དགོས་རེད་ལབ་ཀྱི་འདུག མཚོ་དམག་ཐོག་ནས་ཡིན་ན་མཚོ་དམག་གྲུ་གཟིངས་ཏེ་(Air Craft Carrier)གྲུ་གཟིངས་སྟེང་གནམ་གྲུ་འབབ་ས་དང་འཕུར་ས་ཡོད་སའི་རིགས་འབོར་ཆེན་པོ་བཟོ་ཡོང་གི་འདུག ད་ལྟའི་ཆར་ཨ་རིར་མང་གི་རེད་དེ་ལོ་བཅུ་དང་བཅོ་ལྔའི་ནང་རྒྱ་ནག་ལ་མང་དུ་ཕྱིན་པ་ཡིན་ན། མཚོ་གླིང་སྟེང་གི་ཐེ་ཝན་གཙོས་ཨ་ཧྥི་རི་ཁ་དང་ཨེ་ཤེ་ཡ་ཡོངས་རྫོགས་རྒྱ་ནག་གི་འཇུ་ས་རེད་བསམ་གྱི་ཡོད། དཔལ་འབྱོར་དང་འཕྲུལ་ཆས་ཐོག་དྲ་ནུས་(5g)། ད་ལྟ་ང་ཚོ་ཚང་མའི་ཁ་པར་དྲ་ནུས་(4g)ཡོད་རེད། དྲ་ནུས་དེ་གཉིས་ཀྱི་ཁྱད་པར་ནི་གལ་སྲིད་དྲ་ནུས་(4g)ལ་མེ་གྷ་གཉིས་སྟོང་ཡོད་པ་ཡིན་ན། དྲ་ནུས་(5g)ལ་མེ་གྷ་གཅིག་ཁྲི་ལྔ་སྟོང་ཡོད་པ་རེད། ད་དུང་གློག་བརྙན་ཞིག་ཕབ་ལེན་བྱེད་དགོས་ན། སྐར་མ་ ༡༤ ནས་ ༢༠ འགོར་གྱི་ཡོད་པར་དྲ་ནུས་(5g) ཡིས་སྐར་མ་ ༡ དང་ ༢ ནང་ཚུད་དུ་ཕབ་ལེན་བྱེད་ཐུབ་ཀྱི་ཡོད་པ་རེད། དེར་བརྟེན། ཁོ་ཚོས་རྒྱ་ནག་གིས་དྲ་ནུས་(5g)ཡིས་ཁྲོམ་ར་ཚང་མ་འཇུས་ཏེ་ཨ་ཧྥི་རི་ཁ་དང་ལྷོ་ཨ་རི། ཡུ་རོབ་དང་ཨ་རི། རྒྱ་གར་ནང་འཛུལ་ཡོང་གི་འདུག གལ་སྲིད་རྒྱ་ནག་གིས་དེ་འཇུས་པ་ཡིན་ན་མ་འོངས་པར་འཕྲུལ་ཆས་ཀྱི་དཔལ་འབྱོར་དེ་དྲ་ནུས་(5g)ཡིས་འཁྱེར་འགྲོ་ཡི་ཡོད་རེད་ལབ་ཀྱི་ཡོད་པ་རེད། དྲ་ནུས་(5g)ཨ་རིས་བཀག་སྡོམ་བྱས་བ་རེད། དབྱིན་ཡུལ་དང་། ཨོ་སི་ཊོ་ལི་ཡ། ནེའུ་རྫི་ལན་ཌི་སོགས་རྒྱལ་ཁབ་མང་པོས་བཀག་སྡོམ་བྱ་རྒྱུ་ཡིན་ཟེར་གྱི་ཡོད་ན་ཡང་། རྒྱ་གར་གྱིས་དྲ་ནུས་(5g) ལེན་གྱི་ཡིན་ཟེར་གྱི་ཡོད་པ་རེད། གལ་སྲིད་བླངས་པ་ཡིན་ན་ང་ཚོས་ངོ་དེབ་དང་སྐད་འཕྲིན། ཁ་པར་སོགས་ག་རེ་བཏང་བ་ཡིན་ན་གསང་བ་ཚང་མ་རྒྱ་ནག་གི་བཟོ་གྲྭས་ཧ་གོ་ཡི་ཡོད་པ་རེད། དྲ་ནུས་(5g)དེ་མ་འོངས་པའི་འཛམ་གླིང་གི་དཔལ་འབྱོར་ཡོང་ཁོངས་གཙོ་བོ་ཆགས་ཡོད་སྟབས། དེ་རྒྱ་ནག་གི་འཇུས་འགྲོ་ཡི་ཡོད་པར་ང་ཚོས་གདོང་ལེན་ག་འདྲ་བྱས་ནས་བྱེད་དགོས་ཡོད་མེད་ཐད་འཛམ་གླིང་རྒྱལ་ཁབ་མང་པོས་བགྲོ་གླེང་བྱས་ནས་འགྲོ་བསྡད་ཡོད་རེད། ང་རང་ཨ་རི་དང་ཨོ་སི་ཊོ་ལི་ཡ་ཡུ་རོབ་སོགས་གང་དུ་སོང་ནའང་བོད་པ་ཚོས་ག་རེ་བཤད་ཀྱི་འདུག་ཅེ་ན། ནང་ཁུལ་གྱི་རྙོག་དྲ་ཙག་ཙིག་བཤད་ནས་བསྡད་འདུག རྒྱ་ནག་ལ་གདོང་ལེན་བྱེད་པར་འཛམ་གླིང་ཚང་མས་སེམས་འཁྲལ་བྱེད་ཀྱི་འདུག ང་ཚོའི་བོད་པའི་སྤྱི་ཚོགས་ནང་ཁོ་འགྲིག་གི་མི་འདུག མོ་འགྲིག་གི་མི་འདུག ཁོས་ཅིག་བྱས་སོང་། མོས་ཅིག་བྱས་སོང་ལབ་ནས་ནང་ཁུལ་གྱི་རྙོག་གྲྭ་རྐྱང་རྐྱང་མགོ་འཁོར་ནས་བསྡད་འདུག རྒྱ་ནག་ལ་གདོང་ལེན་བྱེད་མཁན་དེ་ཚོ་རང་བཙན་ཡོད་པའི་རྒྱལ་ཁབ་རྐྱང་རེད། ང་ཚོའི་བོད་ཟ་མཁན་རྒྱ་ནག་རེད། འཛམ་གླིང་རྒྱལ་ཁབ་དེ་འདྲ་མང་པོས་རྒྱ་ནག་ཐོག་སེམས་འཁྲལ་བྱེད་བཞིན་ཡོད་པས། ང་ཚོས་སེམས་ཁྲེལ་བྱེད་དགོས་མ་རེད་ལབ་ན། ཕར་ཆེར་རིའི་ཕར་རྒྱབ་ཏུ་ཡོད་སྟབས་མཐོང་གི་མེད་ཡིན་རྒྱུ་རེད། ང་ཚོ་སོ་སོའི་ནང་ཁུལ་རྐྱང་རྐྱང་ལ་ཅིག་བཤད་ནས་སྡོད་ཀྱི་འདུག དེ་བས། འགྲོ་བ་མིའི་ཐོབ་ཐང་དང་མི་རིགས་ཀྱི་འབད་རྩོད་བྱེད་པར་བོད་མི་ཚང་མ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་གལ་ཆེན་རེད། ཅེས་སོགས་གསུངས་སོང་།

ཐེངས་འདིའི་ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་ཐོག་རྒྱ་བལ་གྱི་བོད་སློབ་ཁག་ནས་མཉམ་ཞུགས་གནང་མཁན།  སམ་བྷོ་ཊ་སློབ་གྲྭའི་ཁྱབ་ཁོངས་ནས་དགེ་ལས་ ༨༨ དང་བོད་ཁྱིམ་ཁྱབ་ཁོངས་དགེ་ལས་ ༧༨ ། མ་སུ་རི་བོད་ཁྱིམ་ནས་ ༢༨ ། དབུས་བོད་སློབ་འཛིན་ཚོགས་ནས་ ༡༤ དང་བལ་ཡུལ་ནས་ ༢༠ ། དེ་བཞིན་སྒེར་གྱི་སློབ་གྲྭ་ཁག་ནས་མི་ ༥ དང་། ཤེས་ཡོན་བསྟི་གནས་གཞན་ས་ར་མཐོ་སློབ་དང་ནོར་གླིང་། ཝ་ར་ན་སི།  སྨན་རྩིས་ཁང་མཐོ་སློབ། ཏྭ་ལའི་བླ་མ་མཐོ་སློབ། བྷོན་ཌར་དགེ་འོས་མཐོ་སློབ། སེར་ར་དང་འབྲས་སྤུངས་བློ་གསལ་གླིང་བཅས་ནས་མི་ ༡༠ ། ཕྱི་རྒྱལ་ཁག་གི་གཟའ་མཇུག་སློབ་གྲྭ་སོགས་ནས་མི་ ༤ བཅས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༢/༢༣

Leave a Reply to བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ Cancel Reply

One thought on “ཤེས་རིག་ཚོགས་ཆེན་ཐེངས་བདུན་པ་དབུ་འཛུགས་གནང་སོང་།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    ཕྲུ་གུའི་ཤེས་ཚད་ཡག་པོ་ཡོང་དགོས་ན་དགེ་རྒན་གྱི་སྤུས་ཚད་ཡག་པོ་དགོས་་པ
    དེ་གལ་ཆེན་ལ་ངོས་འཛིན་ཞུ་གི་ཡོད།