ཨོ་གླིང་གི་བཟོ་ཚོགས་དང་ལས་བཟོ་པའི་ལས་འགུལ།

རྒྱ་ནག་གི་རྩོམ་པ་པོ་ལུུན་(Leung)གྱིས་སྤེལ།

བོད་སྒྱུར་བ་སྐལ་བཟང་ཚེ་བརྟན།  ཨོ་གླིང་།

ཨོ་གླིང་གི་བཟོ་པས་ལས་མཚམས་འཇོག་རྒྱུར་དགའ་མོས་དེ་འདྲ་བྱེད་དགོས་དོན་གང་ཡིན་ནམ། ཁྱེད་རང་གིས་གཤམ་གསལ་གྱི་གནས་ཚུལ་དེ་དག་ལ་གཟིགས་ན་གསལ་པོ་ཤེས་ཀྱི་རེད།

བར་ལམ་ལོ་ཤས་སྔོན་ཏེ་༢༠༡༥ ལ་ཨོ་གླིང་གི་ས་ཆ་གང་སར་ལས་མཚམས་བཞག་ནས་ངོ་རྒོལ་བྱས་འདུག བསམ་ཡུལ་ལས་འདས་པ་ཞིག་ལ་ཕྱི་མི་གནས་སྤོས་ལས་ཁུངས་( Immigration )དང་མཐའ་མཚམས་ཀྱི་འགག་སྒོ་ལས་ཁུངས་( Border defense Bureau ) ཀྱིས་ཀྱང་ལས་མཚམས་བཞག་ནས་ངོ་རྒོལ་བྱས་པར་བརྟེན་མེལ་བྷོན་གྱི་གནམ་གྲུ་ཐང་དུ་(Melbourne Airport) མི་གསོག་ཐེབས་ནས་ཟིང་ཆ་ལངས་ཡོད་པ་དང་། ལས་མཚམས་བཞག་ནས་ངོ་རྒོལ་བྱས་པའི་ཉིན་ཤས་རིང་ལས་བཟོ་པའི་སེམས་ནང་སྤྲོ་སྣང་གིས་ཁེངས་ཡོད་པ་རེད། འོན་ཀྱང་ཕྱི་མི་གནས་སྤོས་ལས་ཁུངས་(Immigration )ཀྱི་ལས་བཟོ་པས་ལས་མཚམས་བཞག་པ་ལ་བརྟེན་ནས་རང་ཉིད་ཀྱི་མིག་མདུན་དུ་ཨོ་གླིང་ལ་གཏན་སྡོད་ཆོག་པའི་མཐོང་མཆན་( Permanent Resident Visa ) རག་ལ་ཉེ་བའི་སྐྱབས་བཅོལ་བ་དེ་ཚོར་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད།

ལས་གནས་གང་འདྲ་ཞིག་ཡིན་རུང་མིའི་རིགས་ཀྱི་སྤྱི་ཚོགས་ནང་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན། གང་ཡིན་ཟེར་ན། ལས་གནས་དེ་དག་ལ་བརྟེན་ནས་ཕན་ཚུན་ལྟོས་གྲུབ་ཀྱི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཆེན་པོ་དེ་གྲུབ་ཡོད་པ་རེད། གལ་སྲིད་ཚོགས་པ་དང་ལས་ཁུངས་ག་གེ་མོ་ཞིག་གིས་མཚམས་བཞག་པའི་གནས་ཚུལ་བྱུང་ན། མི་རྣམས་ཀྱི་འཚོ་བ་དངོས་ལ་དོ་ཕོག་དང་གནོད་སྐྱོན་ཧ་ཅང་ཆེན་པོ་ཐེབས་ཀྱི་ཡོད་པ་རེད། དཔེར་ན་ཨི་ཊ་ལི་ཊ་འགྲིམ་འགྲུལ་ལས་ཁུངས་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བས་ལས་མཚམས་བཞག་པ་བརྟེན་ནས་མི་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད། འོན་ཀྱང་ཨོ་སི་ཀྲུ་ལི་ཡས་ལས་མཚམས་འཇོག་པའི་ངོ་རྒོལ་བྱས་པ་དང་འཛམ་གླིང་གི་རྒྱལ་ཁབ་གཞན་གྱིས་ལས་མཚམས་འཇོག་པའི་ངོ་རྒོལ་གཉིས་ལ་ཁྱད་པར་ཡོད། ཛ་དྲག་ཆེ་བའི་ལས་མཚམས་འཇོག་པའི་ལས་འགུལ་ནང་ལས་བཟོ་བའི་ངོ་གདོང་ནས་ག་དུས་ཡིན་ནའང་དགོད་སྒྲ་དང་དལ་དལ་ལྷོད་ལྷོད་ཀྱི་རྣམ་འགྱུར་ཡང་མཐོང་རྒྱུ་ཡོད།

བར་ལམ་སྤྱི་ལོ་ ༢༠༡༥ ལོ་གཡས་གཡོན་ལ་ཨོ་སི་ཀྲུ་ལི་ཡའི་ས་ཁུལ་མང་པོ་ཞིག་ལ་ལས་མཚམས་འཇོག་པའི་ལས་འགུལ་སྤེལ་མཁན་བྱུང་ཡོད། དེའང་སྨན་ཁང་གི་སྨན་གཡོག་གིས་ལས་མཚམས་བཞག་པའི་ལས་འགུལ་དང་། འགག་སྒོ་ལས་ཁུངས་ཀྱིས་ལས་མཚམས་བཞག་པའི་ལས་འགུལ། ཨི་ཊ་ལི་ཊ་འགྲིམ་འགྲུལ་ལས་ཁུངས་དང་སྤྱི་ཚོགས་ཕན་བདེ་ལས་ཁུངས་སོགས་ཀྱིས་ལས་མཚམས་བཞག་པའི་ལས་འགུལ་བཅས་ལས་འགུལ་བསྟུད་མར་སྤེལ་བར་བརྟེན་མི་རྣམས་ལ་ཨོ་སི་ཀྲུ་ལི་ནི་ལས་མཚམས་འཇོག་རྒྱུར་དགའ་བའི་རྒྱལ་ཁབ་ཅིག་རེད་འདུག་བསམ་པའི་ཚོར་སྣང་ཡོང་གི་ཡོད་པ་རེད།

འོ་ན་འཛམ་གླིང་ཐོག་ལས་མཚམས་འཇོག་རྒྱུར་དགའ་མོས་ཆེ་ཤོས་བྱེད་མཁན་གྱི་རྒྱལ་ཁབ་གང་རེད་ཅེས་ན། འཇར་མན་དང་ཨར་ཅིན་ཊི་ན་(Argentina)ཡིན་པ་དང་། དེའི་རྗེས་ལ་ཧྥ་རན་སི་དང་། སི་པན། ཁེ་ན་ཊ་སོགས་ཡིན་པ་རེད། ཨོ་སི་ཀྲུ་ལི་ཡའི་ཡུལ་མི་ལས་མཚམས་འཇོག་རྒྱུར་དགའ་པོ་ཡོད་པ་དང་། འཛམ་གླིང་ནང་ལས་མཚམས་འཇོག་རྒྱུར་དགའ་མོས་ཆེ་ཤོས་ཀྱི་རྒྱལ་ཁབ་ཨང་དྲུག་པ་བདུན་པར་སླེབས་ཀྱི་ཡོད་པ་རེད།

ཨོ་སི་ཀྲུ་ལི་ཡའི་ལས་མཚམས་འཇོག་པའི་ལས་འགུལ་རྒྱལ་ཁབ་གཞན་གྱི་ལས་འགུལ་དང་བསྡུར་ན་དལ་ལྷོད་དང་སྤྲོ་སྣང་ལྡན་པ་ཞིག་རེད། གལ་སྲིད་ཁྱེད་རང་གིས་གཟུགས་མཐོང་བརྙན་འཕྲིན་ནང་ལས་མི་སྟོང་ཕྲག་འགའ་ཞིག་གིས་ངོ་རྒོལ་་བྱེད་པ་དང་། མདུན་གྲལ་གྱི་ངོ་རྒོལ་བ་ཚོས་སྐད་འབོད་རྒྱག་སྐབས་འདར་སྐད་རྒྱག་པ་དང་ངུ་འབོད་བྱེད་ཀྱིན་འདུག་པ་མཐོང་ན་ཧ་ལམ་ངོ་རྒོལ་སྐད་འབོད་རྒྱག་མཁན་དེ་ཚོ་ཨོ་སི་ཀྲུ་ལི་ཡན་མ་རེད་ཅེས་ལབ་ཐུབ་པ་་ཡིན། རྒྱལ་ཁབ་མང་པོ་ཞིག་གི་ལས་མཚམས་འཇོག་པའི་ལས་འགུལ་ནི་ལས་བཟོ་པའི་གླ་ཆ་ཉུང་ཐག་ཆོད་ནས་ཁྱིམ་ཚང་གསོ་མི་ཐུབ་པ་དང་། ལས་ཀ་དང་ཐོབ་ཆ་གཉིས་ཆ་མི་མཚུངས་པའི་དཀའ་ངལ་འོག་འ་ཆད་འུ་ཐུག་གི་གནས་སུ་གྱར་ནས་ངོ་རྒོལ་བྱེད་ཀྱི་ཡོད། འོན་ཀྱང་ཨོ་སི་ཀྲུ་ལི་ཡའི་ལས་མཚམས་འཇོག་པའི་ལས་འགུལ་མང་ཆེ་བ་ནི་གླ་ཆ་སྤར་བ་ཉུང་དྲག་པའི་དབང་གིས་འདོད་པ་མ་ཁེངས་པར་ངོ་རྒོལ་བྱས་པ་ཞིག་ཡིན། དེའི་ཐོག་བཟོ་ཚོགས་ཀྱི་ཐེ་ཇུས་འོག་ལས་མཚམས་བཞག་པའི་ལས་འགུལ་བྱུང་ཡོད་པ་རེད།

ད་ཐེངས་ཨི་ཊ་ལི་ཊ་འགྲིམ་འགྲུལ་ལས་ཁུངས་དང་སྤྱི་ཚོགས་ཕན་བདེ་ལས་ཁུངས་ཀྱིས་ལས་མཚམས་འཇོག་དགོས་དོན་ནི། མ་འོངས་པའི་ལོ་གསུམ་ནང་ལོ་རེར་གླ་ཆ་བརྒྱ་ཆ་༢།༥ ལས་སྤར་འཆར་མེད་པ་དེར་འདོད་པ་མ་ཁེངས་པར་ངོ་རྒོལ་བྱས་པ་ཞིག་རེད། འོ་ན་ཨི་ཊ་ལི་ཊ་འགྲིམ་འགྲུལ་ལས་ཁུངས་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བར་( Bus driver ) དོན་དངོས་ཐོག་གླ་ཆ་ག་ཚོད་ཡོད་དམ་ཞེ་ན། ཨི་ཊ་ལི་ཊ་འགྲིམ་འགྲུལ་ལས་ཁུངས་ཀྱི་ཁ་ལོ་བ་བསྡུ་བའི་རགས་ཙམ་བྲིས་པའི་གསལ་བསྒྲགས་ནང་། ལོ་རེར་གླ་ཆ་ཨོ་སྒོར་( AUD $ ) ༤༥༠༠༠ ནས་མགོ་འཛུགས་ཀྱི་ཡོད་པ་དང་། རྗེས་སུ་ལོ་རེར་ཨོ་སྒོར་སྒོར་ ༧༥༠༠༠ ཡིན་ལ།   ཆ་སྙོམས་ལོ་གཅིག་ལ་གླ་ཆ་ཨོ་སྒོར་ཁྲི་དྲུག་རེད།  བདུན་ཕྲག་གཅིག་ནང་ལས་བྱེད་སྤྱི་ཡོངས་ཀྱི་ལས་ཀའི་དུས་ཡུན་ཆུ་ཚོད་༣༨ དང་། ཉིན་གཅིག་གི་ལས་ཀའི་དུས་ཡུན་ཆུ་ཚོད་༧ ལྷག་ཡིན་པ་རེད། ལས་ཁུངས་གཞན་གྱི་གླ་ཆ་དང་བསྡུར་ན་འགྲིམ་འགྲུལ་ལས་ཁུངས་ཀྱི་ཁ་ལོ་བའི་གླ་ཆ་( Bus driver ) ཧ་ཅང་གི་མཐོན་པོ་རེད། མདོར་ན་གླ་ཆ་ཧ་ཅང་གི་མཐོན་པོ་ཡོད་ཀྱང་འདོད་པ་མ་ཁེངས་ཞིག་རེད། རྒྱལ་ཁབ་གང་འདྲ་ཞིག་གི་མི་ཡིན་རུང་དངུལ་ལོར་ལ་འཛིན་པའི་རྣམ་འགྱུར་ནི་གཅིག་མཚུངས་ཏེ་ནམ་ཡང་འདོད་པ་ཁེངས་རྒྱུ་མེད་པ་དེ་ཡིན། འོན་ཀྱང་ལས་བཟོ་པས་དུས་ཚོད་ཡོད་ཚད་ལ་ལས་མཚམས་སཇོག་པའི་ལས་འགུལ་སྤེལ་གྱི་མེད་པ་དང་། ལས་མཚམས་འཇོག་པའི་ལས་འགུལ་མང་པོ་ཞིག་བཟོ་ཚོགས་( Union ) ཀྱིས་རྒྱུད་སྐུལ་དང་ཐེ་ཇུས་བྱས་པ་ལས་བྱུང་བ་རེད།།

རྒྱ་ནག་ལ་བཟོ་ཚོགས་ཡོད་( 工会 )ཀྱང་ལས་མཚམས་ག་རེ་བྱས་ནས་འཇོག་གི་མེད་པ་རེད། རྒྱ་ནག་གི་བཟོ་ཚོགས་ནི ( China worker’s Union ) ཕྱི་ཚུལ་ཙམ་རེད། ཚང་མ་སྤྱི་ཚོགས་རིང་ལུགས་ཀྱི་ཞི་བདེ་དང་འཆམ་མཐུན་ཡོང་བའི་ཆེད་དུ་ཡིན་སྟབས། ལས་མཚམས་འཇོག་པའི་ངོ་རྒོལ་ཡོང་མི་སྲིད་པ་ཞིག་རེད། བཟོ་ཚོགས་ཀྱི་བྱ་འགུལ་གཙོ་བོ་ནི་ཟློས་གར་དང་མཚན་ཚོགས། བཟང་བཏུང་གི་འདུ་འཛོམས་སོགས་གོ་སྒྲིག་བྱེད་རྒྱུ་ཙམ་རེད། དེ་མིན་རྒྱ་ནག་ལ་མི་འབོར་ཧ་ཅང་གི་མང་བ་དང་ལས་ཀ་ཉུང་དྲག་པའི་རྐྱེན་གྱིས་ལས་མཚམས་བཞག་ན་རང་ཉིད་ཀྱི་ལས་ཀ་ཤོར་ཉེན་ཡོད་པ་ཡིན།

ཨོ་གླིང་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བཟོ་ཚོགས་ནི་རྒྱ་ནག་བཟོ་ཚོགས་དང་མི་འདྲ་བ་ཞིག་རེད། ཐོག་མར་བཟོ་གྲྭའི་བདག་པོས་བཟོ་པས་ལས་མཚམས་བཞག་པའི་རྐྱེན་གྱིས་ལས་གནས་ནས་ཕྱིར་འབུད་གཏོང་གི་མེད། གལ་སྲིད་བཟོ་པ་ཕྱིར་ཕུད་པ་ཡིན་ན་བཟོ་གྲྭ་སྒོ་རྒྱག་དགོས་འཁེལ་གྱི་ཡོད་པ་རེད། ད་དུང་སྟོབས་ཤུགས་ཆེ་བའི་བཟོ་ཚོགས་ཀྱིས་བཟོ་པ་རྣམས་རྩ་འཛུགས་བྱས་ནས་སྲིད་གཞུང་གི་ཁ་གཏད་དུའང་ལངས་ཀྱི་ཡོད། གང་ཡིན་ཟེར་ན། བཟོ་ཚོགས་ལ་འདེམས་ཤོག་ཧ་ཅང་གི་འབོར་ཆེན་པོ་ཞིག་ཡོད། ལས་བཟོ་པ་འབོར་ཆེན་ཡོད་པས་སྲིད་གཞུང་དང་བཟོ་གྲྭའི་བདག་པོར་ཁ་གཏད་གཅོག་རྒྱུར་མ་རྩ་ཡོད་པས་ཡིན། མདོར་ན་བཟོ་ཚོགས་ནི་( Union ) སྲིད་གཞུང་དང་བཟོ་གྲྭའི་བདག་པོའི་ཁ་གཏད་རེད།

དེ་སྔོན་ལས་མཚམས་བཞག་པའི་ལས་འགུལ་ནང་འཛུལ་ཞུགས་བྱེད་མྱོང་བའི་ལས་མི་ཊར་འུན་གྱིས་བཤད་དོན། ང་རང་མཐོ་རིམ་སློབ་གྲྭ་ཐོན་རྗེས་ཨོ་གླིང་ས་གནས་དེ་རང་གི་བཟོ་གྲྭ་ཞིག་གི་ནང་ལས་ཀ་བྱས་པ་ཡིན། ལས་ཁུངས་དེ་ལས་བཟོ་པ་བརྒྱ་ཕྲག་ཡོད་པའི་ལས་ཁུངས་ཆེན་པོ་ཞིག་རེད་འདུག སྐབས་དེར་ལས་མཚམས་བཞག་དགོས་དོན་ནི་ལས་བཟོ་པའི་གླ་ཆ་སྤར་དགོས་པའི་གནད་དོན་དེ་རེད།ངས་དྲན་གསལ་ལ། ཉིན་ཞིག་བཟོ་ཚོགས་( Union )ཀྱི་མི་ཞིག་སླེབས་ནས་ལས་ཁུངས་ལ་ལས་བཟོ་བའི་གླ་ཆ་སྤར་བའི་གནད་དོན་སྐོར་ལ་གྲོས་མོལ་བྱ་རྒྱུ་ཡིན་ཟེར། སྐབས་དེར་ང་ཚོ་ཚང་མས་གླ་ཆ་སྤར་རྒྱུ་ཡིན་ན་མོས་མཐུན་ཡོད་ཅེས་བཤད་པ་ཡིན། བཟོ་ཚོགས་ཀྱི་འཐུས་མིས་ ( Union Delegate ) ལས་ཁུངས་ལ་ང་ཚོར་གླ་ཆ་བརྒྱ་ཆ་དྲུག་སྤར་རྒྱུའི་གྲོས་མོལ་བྱེད་ཀྱི་ཡིན་ཟེར། ངས་སྐད་ཆ་དེ་ཐོས་སྐབས་བསམ་ཡུལ་ལས་འདས་སོང་། བཟོ་གྲྭའི་བདག་པོ་ལྐུགས་པ་མིན་ཙང་ཆ་རྐྱེན་དེ་ཁས་ལེན་བྱེད་སྲིད་ཀྱི་མ་རེད།

ཕྱིས་སུ་བཟོ་གྲྭའི་སྦྱིན་བདག་གིས་དངོས་གནས་ཁས་ལེན་བྱས་མི་འདུག དེ་ནས་བཟོ་ཚོགས་དང་བཟོ་གྲྭའི་བདག་པོའི་བར་གྱི་གྲོས་མོལ་ལ་གྲུབ་འབྲས་མ་ཐོན་པར་བརྟེན་བཟོ་ཚོགས་ཀྱིས་ང་ཚོར་ཉིན་གཉིས་རིང་ལས་མཚམས་འཇོག་དགོས་པའི་བ་རེ་སྐུལ་བྱས། སྐབས་དེར་ང་ཚོས་བཟོ་ཚོགས་ཀྱིས་ང་ཚོར་ལས་མཚམས་འཇོག་པའི་རེ་བ་བྱས་པ་རེད་མ་གཏོགས་ང་ཚོས་རང་མོས་ཐོག་ནས་ལས་མཚམས་བཞག་པ་ཞིག་མིན་ཞེས་བཤད་ནས་དགའ་དགའ་སྤྲོ་སྤྲོའི་ངང་གུང་གསེང་གཏོང་བར་ཕྱིན་པ་ཡིན། འདི་ནི་ཨོ་གླིང་ནང་ལས་མཚམས་འཇོག་མཁན་ཡོངས་ཀྱི་གནས་སྟངས་རེད། དོན་དངོས་ཐོག་གླ་ཆ་སྤར་བ་རེད་ཅེས་བཤད་པ་ལས་ཉིན་ཁ་ཤས་ཀྱི་གླ་ཡོད་གུང་གསེང་རག་པ་རེད་ཅེས་བཤད་ན་ཡག་པ་ཡོད།

དེ་ནས་ཉིན་ཤས་སོང་རྗེས་བཟོ་ཚོགས་དང་བཟོ་གྲྭའི་སྦྱིན་བདག་དབར་གྲོས་མོལ་ཐེངས་གཉིས་པ་བྱེད་སྐབས་བཟོ་ཚོགས་ཀྱི་གནོན་ཤུགས་འོག་བཟོ་གྲྭའི་བདག་པོས་ལོ་ལྟར་ལས་བཟོ་པའི་ཆེད་དུ་གླ་ཆ་བརྒྱ་ཆ་གསུམ་སྤར་རྒྱུའི་ཁས་ལེན་བྱས་ཏེ་གྲོས་ཆོད་བཞག་པ་རེད། གླ་ཆ་ཡང་སྤར་ཉིན་ཁ་ཤས་རིང་གུང་གསེང་ཡང་བསྡད་རྒྱུ་བྱུང་བར་མི་ཚང་མ་དགའ་ཚོར་ཆེན་པོ་བྱུང་འདུག བཟོ་ཚོགས་ཀྱང་དགའ་ཚོར་བྱུང་བ་བརྗོད་མི་དགོས་པ་ཞིག་རེད། ང་ཚོའི་གླ་ཆ་འཕར་བ་དང་ཁོང་ཚོ་བཟོ་ཚོགས་ཀྱི་ཚོགས་དངུལ་ཡང་བརྒྱ་ཆ་གསུམ་འཕར་བ་མ་ཟད་བཟོ་ཚོགས་ལ་ཆེ་མཐོང་ཡང་ཐོབ་པ་རེད། འདི་ནི་མདའ་མོ་གཅིག་གིས་ཨ་ཕོ་རི་བོང་གཉིས་བསད་ཟེར་བའི་དཔེ་ལྟར་བཟོ་ཚོགས་དང་ལས་བཟོ་པ་གཉིས་ཀར་ཁེ་ཕན་ཆེན་པོ་བྱུང་ཡོད། འོན་ཀྱང་བཟོ་གྲྭའི་བདག་པོ་རླུང་རྟ་ཆགས་པ་རེད།

ཨོ་གླིང་གི་ལས་བཟོ་པས་ལས་མཚམས་བཞག་སྟངས་རྩ་བའི་ཆ་ནས་དེ་འདྲ་རེད། དལ་དལ་ལྷོད་ལྷོད་ངང་གུང་གསེང་ལ་བསྡད། དགའ་དགའ་སྤྲོ་སྤྲོའི་ངང་གླ་ཆ་ལོན། འོན་ཀྱང་ལས་མཚམས་བཞག་པ་དེས་མི་ཧ་ཅང་གི་མང་པོ་ཞིག་ལ་དཀའ་ངལ་འཕྲད་ཀྱི་ཡོད། བཟོ་གྲྭའི་བདག་པོར་གྱོང་གུན་བཟོས་པ་མ་ཟད། མི་སེར་དཀྱུས་མ་དེ་དག་གི་ཁེ་ཕན་ལའང་དོ་ཕོག་བཏང་ཡོད། དཔེར་ན། འགྲིམ་འགྲུལ་ལས་ཁུངས་ཀྱི་སྤྱི་སྤྱོད་རླངས་འཁོར་ཁ་ལོ་བས་ལས་མཚམས་བཞག་པའི་རྐྱེན་གྱིས་རླངས་འཁོར་མེད་མཁན་གྱི་གྲོགས་པོ་ཚོ་ལས་ཀར་གོམ་པ་བརྒྱབ་ནས་འགྲོ་དགོས་བྱུང་བ་དང་། ལྷག་པར་དུ་ཐག་རིང་དུ་སྡོད་མཁན་ཚོར་དེ་བས་ཀྱང་དཀའ་ངལ་འཕྲད་ཡོད།

ལས་མཚམས་འཇོག་པའི་གནད་དོན་ལ་མི་རེར་བསམ་ཚུལ་དང་ལྟ་སྟངས་འདྲ་མིན་ཡོད། གལ་སྲིད་མི་ཞིག་གིས་ལས་མཚམས་བཞག་རྒྱུར་རྒྱབ་སྐྱོར་ཡོད་དམ་མེད་ཅེས་དྲིས་ན། ང་རང་གི་ངོས་ནས་བཤད་ན་རྒྱབ་སྐྱོར་དང་ངོ་རྒོལ་གང་ཡང་མེད། གང་ཡིན་ཟེར་ན། དཔེར་ན་རླངས་སྣུམ་བླུག་སའི་ས་ཚུགས་( Petrol Station ) ཀྱིས་ལས་མཚམས་བཞག་ན་མོ་ཊ་ཡོད་མཁན་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུ་ཡིན་ཡང་། ལམ་ཟུར་དུ་མོ་ཊའི་སྟེང་དངུལ་ཆད་ཀྱི་འཛིན་སྦྱར་མཁན་དེ་ཚོས་ལས་མཚམས་བཞག་ན་ཅི་མ་རུང་བསམ་གྱི་འདུག མདོར་ན་མི་ཚང་མས་ལས་མཚམས་བཞག་པའི་ལས་འགུལ་ལ་ལྟ་སྟངས་མི་འདྲ་བ་རེ་རེ་ཡོད།

རྒྱལ་ཁབ་ཅིག་གི་དབང་འཛིན་པའི་ངོས་ནས་བཤད་ན། ལས་མཚམས་བཞག་པའི་ལས་འགུལ་ནི་རྩ་བ་ནས་མཐོང་འདོད་མེད་པ་ཞིག་རེད། ད་ཐེངས་ཨོ་གླིང་ལྷོ་ཕྱོགས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་བཟོ་ཚོགས་དང་གྲོས་མོལ་བྱས་ནས་གང་མགྱོགས་ལས་མཚམས་བཞག་པ་བསྐྱར་གསོ་ཡོང་བའི་རེ་བ་བྱས་ཡོད་ཀྱང་། མངའ་སྡེ་སོ་སོའི་འོས་ཤོག་བླུག་སྐབས་བཟོ་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་དགོས་ཀྱི་ཡོད་སྟབས། མངའ་སྡེའི་དཔོན་རིགས་རྣམས་ཀྱང་ཡར་ལངས་ན་མགོ་རྡབ་མར་བསྡད་ན་རྐུབ་རྡབ་ཟེར་བའི་དཔེ་ལྟར་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་ཡོད་པར་སྙམ།

མ་ཡིག་གི་འབྲེལ་ཐག https://news.china.com.au/amp/2015/06/%E5%B7%A5%E4%BC%9A%E5%92%8B%E8%BF%99
%E7%89%9B%E9%80%BC%EF%BC%9F%E6%BE%B3%E5%B7%9E%E4%BA%BA%E4%B8%BA%E5
%95%A5%E7%88%B1%E7%BD%A2%E5%B7%A5%EF%BC%9F%E7%9C%8B%E7%9C%8B%E8%BF
%99%E4%B8%AA%E4%BD%A0%E5%B0%B1/

བསྐྱར་བཅོས།: ༢༠༡༩/༠༢/༢༥

Leave a Reply to བསམ་བློ་བ། Cancel Reply

2 thoughts on “ཨོ་གླིང་གི་བཟོ་ཚོགས་དང་ལས་བཟོ་པའི་ལས་འགུལ།

  1. བསམ་བློ་བ།

    དམངའ་གཙོའི་གཞུང་ནང་རང་ཉིད་ཀྱི་ཁེ་དབང་ལོངས་སྤྱོད་བྱེད་རྒྱུ་བྱུང་བ་རེད། ཕྱི་རྒྱལ་དུ་བཞུགས་པའི་བོད་པ་ཚོར་ལས་མཚམས་བཞག་ཅེས་པ་རྨི་ལམ་དུའང་གཏོང་མྱོང་མེད་དོ།

    1. ཕྱི་གསལ་ནང་གསཀ།

      བདེན་པ་རེད། ཕྱི་རྒྱལ་དུ་བཞུགས་པའི་བོད་པ་ཚོ་དམངས་གཙོའི་རྒྱལ་ཁབ་ནང་ཡོད་ནའང་། ལུང་པ་དེའི་སྐད་ཡིག་མ་ཤེས་པའི་རྐྱེན་གྱིས་ལས་འགན་མ་གཏོགས་ཐོབ་ཐང་ལ་ཧ་ལམ་ཤེས་རྟོགས་མེད་པ་དང་། ལས་མཚམས་འཇོག་པའི་ངོ་རྒོལ་བྱས་ནས་རང་ཉིད་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་བསམ་བློ་རྩ་བ་ནས་འཁོར་མྱོང་མེད། བོད་པ་ཚོའི་རེ་བ་གཅིག་རང་ཡོད་པ་སྟེ། ད་ཡོད་ལས་ཀ་དེ་མ་ཤོར་ཙམ་དང་ལས་ཀ་དེ་ནས་ཕྱིར་འབུད་མ་བཏང་ཙམ་བྱུང་ན་དེ་ག་རང་གིས་འདོད་བློ་ཁེངས་ནས་མ་བསྡད་རང་བསྡད་ཆགས་ཡོད་པ་ལགས།