མཛེས་པའི་རྒྱང་རྩེ་ཞེས་པའི་རྒྱལ་ཞེན་སློབ་གསོ་སྤེལ་རྒྱུ་རེད།

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱང་རྩེ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ནང་མཛེས་པའི་རྒྱང་རྩེ་ཞེས་པའི་སློབ་དེབ་གསར་པ་ཞིག་ཆེད་དུ་བསྒྲིགས་ཏེ་ཁྱབ་སྤེལ་གཏོང་གི་ཡོད་འདུགརྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་རྒྱང་རྩེ་ཁུལ་གྱི་དམའ་རིམ་དང་འབྲིང་རིམ་སློབ་གྲྭ་ཁག་གི་སློབ་མགོ་ཚུགས་གྲབས་ཡོད་པ་དང་བསྟུན།   རྒྱ་ནག་གཞུང་གིས་རྒྱང་རྩེའི་ལོ་རྒྱུས་དང་སྲིད་གཞུང་གིས་གཏན་འབེབ་བྱས་པའི་ཀུན་སྤྱོད་སློབ་གསོ་ཟེར་བ་གཉིས་ཟུང་འབྲེལ་གྱིས་མཛེས་སྡུག་གི་རྒྱང་རྩེ་ཟེར་བའི་བོད་ཡིག་དང་རྒྱ་ཡིག་ནང་ཡོད་པའི་སློབ་དེབ་ཅིག་གསར་བཟོ་བྱས་ཡོད་པ་དང་། སློབ་དེབ་གསར་པ་དེའི་ནང་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་གསལ་འདོན་དང་བོད་ཀྱི་རྒྱང་རྩེ་ཁུལ་དུ་རྒྱལ་ཞེན་རིང་ལུགས་དར་སྤེལ་གཏོང་ཐབས་སུ་དམིགས་པ་ཞིག་ཡིན་འདུག

རྒྱང་རྩེ་གྲོང་ཚོའི་སློབ་གསོ་དོ་དམ་ཚན་པའི་འགན་འཛིན་གཞོན་པ་གོ་ཧྲུའུ་པའོ་(Guo Shubao)ཟེར་བ་ཞིག་གིས།  སློབ་དེབ་གསར་པ་དེ་རྒྱང་རྩེ་ཙམ་མ་ཟད། ཧྲང་ཧེའི་སློབ་ཕྲུག་ཚོར་བགོ་འགྲེམས་བྱས་ཏེ། ཁོ་ཚོར་བོད་ཀྱི་རིག་གཞུང་ངོ་སྤྲོད་བྱ་རྒྱུ་ཡིན། ཞེས་བརྗོད་འདུག་ལ། སློབ་དེབ་དེ་རྒྱ་ནག་གཞུང་གིས་ཧྲང་ཧེ་གྲོང་ཁྱེར་གྱི་འབྲེལ་ཡོད་མི་སྣར་རྩོམ་སྒྲིག་བྱེད་དུ་བཅུག་ཡོད་པ་མ་ཟད། རྒྱང་རྩེ་ཁུལ་གྱི་སློབ་གསོ་དོ་དམ་གྱི་འགན་གཙོ་བོའང་ཧྲང་ཧེའི་གཞུང་འབྲེལ་མི་སྣས་འཁུར་གྱི་ཡོད་ལུགས་བསྒྲགས་འདུག་ལ། ཆེད་སྒྲིག་བྱས་པའི་སློབ་དེབ་གསར་པ་དེ་ཧྲང་ཧེ་ཡང་ཇིན་(Shanghai Yangjing)མཐོ་སློབ་ལ་སྤྲད་དེ། རྒྱ་རིགས་སློབ་མ་ཚོའི་གྲངས་ཉུང་མི་རིགས་ཀྱི་གོ་རྟོགས་མཐོར་འདེགས་ཀྱིས་ཧྲང་ཧེ་དང་བོད་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་འཆར་ཡོད་སྐོར་བསྒྲགས་འདུག

ཧྲང་ཧེ་གྲོང་ཁྱེར་དུ་ཡོད་པའི་ཤིན་མིན་དགོང་དྲོའི་གསར་འགྱུར་ཁང་(Xinmin Evening News)གིས་དེའི་སྐོར་ལ་སྤེལ་བའི་གསར་འགྱུར་ནང་། སློབ་དེབ་ཀྱི་ཁ་བྱང་ལ་མཛེས་པའི་རྒྱང་རྩེ་ཞེས་བཏགས་ཡོད་པ་དང་། ་དེར་ནང་ཚན་པ་བཞི་ཡོད་པའི་ཁྲོད་ཚན་པ་གཅིག་གི་ནང་སློབ་ཕྲུག་ཚོར་རྒྱལ་ཞེན་སྤེལ་ཐབས་དང་། རྒྱང་རྩེའི་ལོ་རྒྱུས་དང་ས་དཔྱད།  དེ་བཞིན། དཔལ་ཡོན་དར་ཚུལ་སོགས་ཡོད་པ་དང་། ཡང་སློབ་ཚན་གཞན་ཞིག་ནང་བོད་རང་བཙན་མ་ཤོར་སྔོན་གྱི་བོད་ཀྱི་ལམ་ལུགས་དང་། ད་ལྟའི་བོད་ནང་གི་གནས་བབ་གཉིས་གཤིབ་བསྡུར་གྱིས་བོད་མི་ཚོའི་གནས་བབ་ཧ་ཅང་ཡར་རྒྱས་དང་འཚོ་བ་ཇེ་བཟང་དུ་ཕྱིན་ཡོད་ལུགས་སོགས་བཀོད་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ནང་། རྒྱང་རྩེའི་ལོ་རྒྱུས་སློབ་གསོ་དང་རྒྱ་གཞུང་གིས་གཏན་འབེབ་བྱས་པའི་ཀུན་སྤྱོད་སློབ་གསོ་གཉིས་ཟུང་འབྲེལ་བྱས་པའི་སློབ་དེབ་དེ་བོད་ཁུལ་སྤྱི་ཡི་སློབ་མ་ཚོར་དམིགས་པ་ཞིག་ཡིན་ཞིང་། ཐོག་མར་རྒྱང་རྩེ་ཁུལ་གྱི་དམའ་རིམ་དང་འབྲིང་རིམ་སློབ་གྲྭ་ཁག་ཏུ་ལག་བསྟར་བྱས་ཏེ། བོད་ཀྱི་རིག་གཞུང་དང་རྒྱ་མི་རིགས་ཀྱི་འབྲེལ་ལམ་དང་འབྱུང་ཁུངས་གཅིག་ཡིན་སྐོར་སོགས་ར་སྤྲོད་ཐབས་བྱས་ཡོད་པ་དང་། སློབ་དེབ་དེ་ནི་བོད་ཀྱི་ལོ་རྒྱུས་དང་རྒྱ་ནག་གི་ཀུན་སྤྱོད་ཀྱི་སློབ་གསོ་ཟེར་བ་གཉིས་བསྲེས་སྦྱོར་གྱིས་སློབ་དེབ་བཟོས་པ་ཐོག་མ་དེའང་ཆགས་ཡོད་སྐོར་བརྗོད་འདུག ཡང་ཟླ་འདིའི་ཕྱིས་ཚེས་ ༡༤ ཉིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་སྙན་ཐོ་ཞིག་འདོན་སྤེལ་གནང་སྟེ།  འདི་ལོའི་ཕྱི་ཟླ་ ༥ པའི་ནང་རྒྱ་ནག་གཞུང་གིས་བོད་རིགས་གཞོན་སྐྱེས་ཚོར་རྒྱལ་ཞེན་སློབ་གསོ་སྤེལ་ཐབས་ལ་དམིགས་ཏེ།  བོད་ཀྱི་གཞོན་སྐྱེས་ཕོ་བྲང་(Tibet Youth Palace)ཞེས་པའི་སློབ་གསོ་བསྒྱུར་བཀོད་ཁང་ཞིག་ལྷ་སར་སྒོ་འབྱེད་འཆར་ཡོད་སྐོར་བརྗོད་འདུག་ལ།  འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༢ ཉིན་ཨ་རིའི་གསར་ཁང་(Theprint)གིས། འཁོར་སྐར་བརྒྱུད་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་ནས་ཕྱི་ལོ་ ༢༠༡༣ ལོར་བོད་རང་སྐྱོང་ལྗོངས་ནང་ངལ་རྩོལ་བསྒྱུར་བཀོད་ཁང་༣ བཙུགས་ཡོད་པ་སྒོ་བརྒྱབས་ཟིན་སྐོར་བསྒྲགས་ཡོད་པ་དེ་སྐྱག་རྫུན་ཡིན་པ་ཐེར་འདོན་བྱས་ཏེ། དེང་སང་རྒྱ་ནག་གཞུང་གིས་བོད་ནང་གི་ངལ་རྩོལ་བསྒྱུར་བཀོད་ཁང་ཁག་བོད་ཀྱི་སློབ་གསོ་བསྒྱུར་བཀོད་ཁང་ཞེས་པའི་མིང་ཐོག་ཏུ་བསྒྱུར་ཏེ། གཞོན་སྐྱེས་གཙོས་བོད་མི་ཚོའི་བསམ་བློ་བསྒྱུར་བཅོས་གཏོང་ཐབས་བྱེད་བཞིན་ཡོད་པ་དང་། ད་སྔ་བར་བོད་རང་སྐྱོང་ལྗོངས་ཁོ་ནའི་ནང་སློབ་གསོ་བསྒྱུར་བཀོད་ཁང་ཟེར་བ་དེ་གསུམ་གསར་དུ་བརྒྱབས་ཡོད་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༢/༢༦

Leave a Reply

One thought on “མཛེས་པའི་རྒྱང་རྩེ་ཞེས་པའི་རྒྱལ་ཞེན་སློབ་གསོ་སྤེལ་རྒྱུ་རེད།