ཡུལ་མི་བཙན་གྱིས་གནས་སྤོ་རུ་བཅུག

རྒྱ་ནག་གཞུང་གིས་ཆབ་མདོ་མཛོ་སྒང་རྫོང་སྟོབས་འབར་ཡུལ་ཚོའི་ནང་ཆུ་མཛོད་གློག་ཁང་སོགས་པའི་འཆར་གཞི་ཡོད་པས་ས་གནས་མི་མང་བཙན་གྱིས་གནས་སྤོ་རུ་འཇུག་བཞིན་ཡོད་འདུགའདི་གར་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་ཆབ་མདོ་མཛོ་སྒང་རྫོང་སྟོབས་འབར་ཡུལ་ཚོའི་ཉེ་འགྲམ་གྱི་རྒྱལ་མོ་རྔུལ་ཆུའི་བརྒྱུད་དུ་ཆུ་མཛོད་གློག་ཁང་ཁག་ཅིག་གསར་རྒྱག་སོགས་ལ་དམིགས་ཏེ།  ས་གནས་མི་མང་ས་ཆ་གཞན་ལ་གནས་སྤོ་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་སྟབས། མི་འདོད་བཞིན་དུ་གྲོང་མི་མང་པོ་གནས་སྤོས་ཚར་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་ས་གནས་མི་མང་བཙན་གྱིས་གནས་སྤོ་རུ་བཅུག་དགོས་དོན་ནི། སྟོབས་འབར་ཡུལ་ཚོ་ནི་ཤིང་ཏོག་རིགས་དང་འབྲུ་རིགས་ལོ་རེར་ཐེངས་གཉིས་རེར་འདེབས་ལས་བྱེད་ཐུབ་པའི་ཐོན་ཁུངས་ཧ་ཅང་ཡག་པའི་ས་ཆ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གཞུང་གིས་ས་གནས་དེར་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སྤེལ་རྩིས་བྱས་ཡོད་ཀྱང་། ཡུལ་མི་ཚོས་ངོ་རྒོལ་བྱས་པར་བརྟེན་ལག་བསྟར་ཐུབ་མེད་པ་དང་། ད་ལྟ་རྒྱ་ནག་གཞུང་གིས་ཡུལ་དེའི་ཉེ་འགྲམ་དུ་རྒྱུག་བཞིན་པའི་རྒྱལ་མོ་རྔུལ་ཆུའི་བརྒྱུད་དུ་ཆུ་མཛོད་གློག་ཁང་ ༩ རྒྱག་འཆར་ཡོད་པ་མ་ཟད། གཏེར་ཁ་སྔོག་འདོན་བྱེད་པར་དམིགས་པ་ཞིག་ཡིན་སྐོར་ཡུལ་མི་ཚོས་བཤད་ཀྱི་འདུག ཅེས་བརྗོད་བྱུང་།

ཡང་ཁོང་གིས། ས་གནས་མི་མང་གིས་ངོ་རྒོལ་བྱེད་སྐབས་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་མ་ཟད། གཅར་རྡུང་དང་མནར་གཅོད་སོགས་ཚད་ལས་བརྒལ་བ་བྱས་རྐྱེན་བློ་བཟང་ཡེ་ཤེས་ཞེས་པ་ཞིག་དང་བོད་མི་གཞན་ཞིག་བཅས་བཙོན་ཁང་དུ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། འཛིན་བཟུང་བྱས་པའི་བོད་མི་གཞན་རྣམས་ལོ་ཁ་ཤས་དང་ཟླ་ཤས་བཅས་བཙོན་འཇུག་ཁྲིམས་ཐག་བཅད་ནས་རིམ་པར་ཀློད་གྲོལ་བཏང་ཡོད་པ་རེད། ཅེས་བརྗོད་བྱུང་།འདི་གའི་གསར་འགོད་པས་འབྲེལ་ཡོད་གཞན་ཞིག་ལ་བཙན་གྱིས་གནས་སྤོ་རུ་འཇུག་སའི་ས་ཆ་དེ་ག་འདྲ་ཡོད་པ་དང་། རྒྱ་ནག་གཞུང་ངོས་ནས་ས་གནས་དེར་སྡོད་ཁང་སོགས་བརྒྱབས་ཡོད་མེད་སྐད་ཆ་དྲིས་པར་ཁོང་གིས། གནས་སྤོར་བྱ་སའི་ས་ཆ་དེ་ཐང་སྟོང་ཐོན་ཁུངས་སོགས་མེད་ས་དང་ཞིང་ལས་གཉེར་མི་ཐུབ་ས་ཞིག་ཡིན་པ་དང་། གཞུང་ངོས་ནས་སྡོད་ཁང་ཞིག་བརྒྱབས་ཡོད་ན་ཡང་མི་མང་ས་གནས་དེར་སྤོར་འདོད་མེད་ཀྱང་རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་སྤོ་རུ་འཇུག་གི་ཡོད་འདུག ཅེས་བརྗོད་བྱུང་།

ཕྱི་ལོ་ ༢༠༡༤ ལོར་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་ཡུལ་དེར་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སྤེལ་རྩིས་བྱེད་སྐབས། བོད་མི་འཕགས་པ་རྒྱལ་མཚན་ཞེས་པ་ཞིག་གིས་རྒྱ་ནག་ནས་ང་ཚོའི་ས་གནས་སུ་གཏེར་ཁ་སྔོག་འདོན་བྱེད་མི་ཆོག བོད་མི་ཚོར་རང་དབང་མི་འདུག་ཅེས་སྐད་འབོད་བྱེད་ཞོར་རང་གི་ལུས་ལ་གྲིས་བཙུགས་ཏེ་ཁང་པའི་སྟེང་ནས་མཆོངས་ཏེ་འདས་གྲོངས་སུ་ཕྱིན་པ་དང་། ས་གནས་མི་མང་འདུ་འཛོམས་ཀྱིས་སྔ་གཞུག་ཏུ་ངོ་རྒོལ་བྱས་པར་བརྟེན་སྟོབས་འབར་ཡུལ་ཚོའི་གཞོན་སྐྱེས་ ༢༠ ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། སྟོབས་འབར་ཡུལ་ཚོ་ནི་ད་ལྟའི་རྒྱ་ནག་གི་བཅད་བགོས་བྱས་པའི་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་ཁོངས་སུ་ཡོད་པ་དང་། སྟོབས་འབར་ཡུལ་ཚོ་ལ་བར་ཤོད་དང་བར་མཛོད། ཅན་པ། གེ་བ། ཕུལ་ཀ ངན་ཤོད་བཅས་གྲོང་སྡེ་ ༦ ཡོད་པ་དང་། ད་ལྟའི་ཆར་བར་ཤོད་གྲོང་སྡེ་ནས་ཁྱིམ་ཚང་ ༡༢ ཙམ་མི་འདོད་བཞིན་གནས་སྤོར་དགོས་བྱུང་ཡོད་པ་དང་། བར་མཛོད་ཀྱི་གྲོང་མི་ཚོས་བསམ་པ་གཅིག་མཐུན་ངང་ས་གནས་གཞན་ལ་གནས་སྤོ་གཏན་ནས་བྱ་རྒྱུ་མིན་པ་བྱས་ཏེ་བསྡད་ཡོད་ན་ཡང་། རྗེས་ཕྱོགས་གནད་དོན་ག་རེ་བྱུང་མིན་བཤད་ཁག་པོ་ཆགས་ཡོད་འདུག
རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་བསྡོམས་རྩིས་ལྟར་ན། ཕྱི་ལོ་ ༢༠༡༨ ལོར་བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་ ༡༥༠ བཏང་ནས་མི་གྲངས་ཁྲི་ ༢༠ ལྷག་ཡུལ་གཞན་དུ་གནས་སྤོ་རུ་བཅུག་ཡོད་པ་དང་། དེ་ནི་ཐོན་ཁུངས་ཡག་པོ་མེད་པའི་དུད་ཁྱིམ་རྣམས་ཐོན་ཁུངས་ཡག་སར་གནས་སྤོ་རུ་བཅུག་སྟེ་དབུལ་སྒྲོལ་འགག་གཏོར་གྱི་དབུལ་ཞ་ཕུད་ཆེད་ཡིན་ལུགས་དང་། ཕྱི་ལོ་ ༢༠༡༨ ལོར་བོད་ལྗོངས་སུ་མི་གྲངས་ ༡༩༦༠༠༠ དབུལ་ཞྭ་ཕུད་ཐུབ་ཡོད་ཚུལ་བསྒྲགས་ཡོད་པ་རེད།

འདས་པའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་དབུལ་སྒྲོལ་འགག་གཏོར་ཟེར་བར་ཁ་གཡར་ནས་བོད་ཁུལ་ས་ཆ་གང་སར་ཞིང་འབྲོག་མང་ཚོགས་འབོར་ཆེན་རང་ས་ནས་གནས་སྤོར་དུ་འཇུག་བཞིན་ཡོད་པ་དང་།  ཕྱི་ལོ་ ༢༠༡༤ ལོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འཕྲིན་ལས་ཆོས་སྟོབས་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་གི་འབྲོག་པའི་འཚོ་གནས་རྩ་གཏོར་དུ་གཏོང་བཞིན་པའི་གནས་སྟངས་སྐོར་ལ་གཏམ་བཤད་ཅིག་སྤེལ་སྐབས། རྒྱ་ནག་གཞུང་གིས་བོད་པ་ཚོར་ཁེ་ཕན་མང་པོ་སྤྲོད་ཀྱི་ཡིན་སྐོར་གྱི་ཁ་ཁོག་མི་མཚུངས་པའི་མགོ་གཡོག་མགོ་སྐོར་དང་། གཡོ་ཇུས་བསླུ་བྲིད་འདྲ་མིན་གྱི་འོག་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་འདྲ་མིན་ནས་འབྲོག་པ་ཁྱོན་བསྡོམས་མི་གྲངས་ ༢༤༡༧༠༠༠ ཙམ་གནས་སྤོ་རུ་བཅུག་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༢/༢༧

Leave a Reply

One thought on “ཡུལ་མི་བཙན་གྱིས་གནས་སྤོ་རུ་བཅུག

  1. སྤྲེའུ་ཕྲུག

    བར་ཤོད་གྲོང་ཚོ་དང་བར་མཛོ་གྲོང་ཚོ་གཉིས་ནི་གེ་བ་གྲོང་ཚོ་དང་ཅོན་བ་གྲོང་ཚོ། ཕུར་ཀ་གྲོང་ཚོ་བཅས་ལས་མཐོ་ས་ན་ཡོད་པ་མ་ཟད་རྒྱལ་མོ་རྔུལ་ཆུ་དང་ཁ་ཐག་རིང་ས་ན་ཡོད་རེད། གེ་བ་གྲོང་ཚོ་དང་ཅོན་བ་གྲོང་ཚོ། ཕུར་ཀ་གྲོང་ཚོ་བཅས་རྒྱལ་མོ་རྔུལ་ཆུའི་འགྲམ་དུ་ཡོད་པས་གྲོང་ཚོ་དེ་གསུམ་ཆུ་མཛོད་རྒྱག་པའི་ས་ཁུལ་གྱི་ཆེད་དུ་གནས་སྤོ་མ་དགོས་ན། བར་ཤོད་གྲོང་ཚོ་དང་བར་མཛོ་གྲོང་ཚོ་གཉིས་ཆུ་མཛོད་རྒྱག་སའི་ས་ཁུལ་དང་ཐག་རིང་ན་ཡོད་པས་གནས་སྤོ་བྱ་དགོས་དོན་ཡོད་པ་མ་རེད་བསམ་གྱི་འདུག དེའི་སྐོར་གྱི་གནས་ཚུལ་གང་འདྲ་ཡིན་མིན་གསར་འགྱུར་རྒྱུད་ལམ་དུ་གསལ་པོ་ཞིག་བཀོད་ཐུབ་ན་ཡག་པོ་ཡོད་ས་རེད།