རྒྱ་གར་གྱིས་པཱ་ཀི་སི་ཐན་ལ་མཁའ་ཐོག་འཁོན་ལན་བསློགས།

རྒྱ་གར་གྱིས་གཏོར་རྒོལ་འཁོན་ལན་བསློགས་ཏེ་པཱ་ཀི་སི་ཐན་གྱི་ཁོངས་སུ་ཡོད་པའི་རྗེ་ཤི་ཨེ་མོ་ཧཱ་མཌ་ཞེས་པའི་འཇིགས་སྐུལ་དྲག་སྤྱོད་པའི་དམག་སྦྱོང་ལྟེ་གནས་ཆེ་ཤོས་ཤིག་ལ་མཁའ་ཐོག་འཇབ་རྒོལ་བྱས་ནས་ཡུལ་གཉིས་ཀྱིི་འབྲེལ་བ་ཧ་ཅང་ཛ་དྲག་ཏུ་གྱུར་འདུགཁ་སང་ཕྱི་ཚེས་ ༢༦ ཉིན་གྱི་ཞོགས་སྔ་ཆུ་ཚོད་ ༣།༣༠ ཙམ་ལ་རྒྱ་གར་མཁའ་དམག་གནམ་གྲུས་པཱ་ཀི་སི་ཐན་དང་རྒྱ་གར་གྱི་དམག་མཚམས་ས་ཐིག་(Line of Control)བརྒལ་ཏེ།  པཱ་ཀི་སི་ཐན་གྱི་མངའ་ཁོངས་སུ་ཡོད་པའི་ཀ་ཤཱི་མིར་རྗེ་ཤི་ཨེ་མོ་ཧཱ་མཌ་(Jaish e Mohammad) ཞེས་པའི་འཇིགས་སྐུལ་དྲག་སྤྱོད་པའི་དམག་སྦྱོང་ལྟེ་གནས་ཆེ་ཤོས་བྷ་ལ་ཀོ་ཊི་(Balakot)རུ་མཁའ་ཐོག་འཇབ་རྒོལ་བྱས་ཡོད་པ་དང་། རྒྱ་གར་གཞུང་ཕྱོགས་ནས་ད་ལྟའི་ཆར་གཏོར་རྒོལ་ཁྲོད་མི་ག་ཚོད་བསད་ཡོད་མེད་གསལ་ཁ་བཟོས་མེད་པ་དང་། པཱ་ཀི་སི་ཐན་གཞུང་ནས་རྒྱ་གར་གྱིས་མི་མེད་ལུང་སྟོང་ཞིག་ཏུ་འབར་རྫས་གཡུགས་ཏེ་གནོད་སྐྱོན་གང་ཡང་གཏོང་ཐུབ་མེད་སྐོར་བསྒྲགས་ཡོད་པ་རེད། ཡིན་ནའང་། རྒྱ་གར་གྱི་བང་ཆེན་གསར་ཁང་གསར་པ་དང་(NDTV)སོགས་ཀྱིས་མཁའ་ཐོག་འཇབ་རྒོལ་ཁྲོད་ཉུང་མཐར་འཇིགས་སྐུལ་བ་ ༣༠༠ ལྷག་རྩ་མེད་བཏང་ཡོད་སྐོར་བརྗོད་འདུག

ཐེངས་འདིའི་མཁའ་དམག་འཇབ་རྒོལ་ནི་ཉེ་ཆར་རྗེ་ཤི་ཨེ་མོ་ཧཱ་མཌ་དྲག་སྤྱོད་པས་རྒྱ་གར་གྱི་མངའ་འོག་ཀཱ་ཤི་མིར་ཁུལ་གྱི་པུལ་ཝ་མཱ་གྲོང་ཚོའི་ནང་རྒྱ་གར་དབུས་ཉེན་རྟོག་དམག་མིའི་(Central Reserve Police Force)རླངས་འཁོར་ཞིག་ལ་གཏོར་རྒོལ་བཏང་སྟེ། ཉུང་མཐར་དམག་མི་ ༤༠ རྐྱེན་འདས་སུ་བཏང་བར་འཁོན་ལན་སྤྲད་པ་ཞིག་ཡིན་ལ། འཇབ་རྒོལ་སྐབས་དམག་སྦྱོང་ལྟེ་གནས་དེར་འཇིགས་སྐུལ་དྲག་སྤྱོད་པ་ ༣༢༥ དང་འཇིགས་སྐུལ་དྲག་སྤྱོད་པར་དམག་སྦྱོང་སྤྲོད་མཁན་ ༢༥ ཡོད་སྐོར་བརྗོད་འདུག ད་ལྟའི་ཆར་ཡུལ་གཉིས་བར་གྱི་འབྲེལ་བ་ཛ་དྲག་ཆགས་ཏེ་ཁ་སང་ནས་པཱ་ཀི་སི་ཐན་གྱིས་རྒྱལ་ཡོངས་ཀྱི་སྤྱི་དམངས་གནམ་གྲུ་ཡོད་ཚད་བཀག་སྡོམ་བྱས་ཡོད་པ་དང་། རྒྱ་གར་གིས་ཀྱང་ཇམ་མུ་དང་ཀྭ་ཤི་མིར་ཁུལ་གྱི་སྤྱི་དམངས་འགྲིམ་འགྲུལ་གནམ་ཐང་གཙོས་པའི་བྱང་ཕྱོགས་ཁུལ་གྱི་གནམ་ཐང་རེ་ཟུང་ཞིག་གནས་སྐབས་སྒོ་བརྒྱབས་ནས་དམག་འཁྲུག་ལ་གྲ་སྒྲིག་བྱེད་ཀྱི་ཡོད་འདུགཁ་སང་ཞོགས་པར་པཱ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་(Imran Khan)གྱིས་ཛ་དྲག་ཚོགས་འདུ་བསྐོངས་ཏེ་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། པཱ་ཀི་སི་ཐན་གྱི་དམག་མི་དང་མི་མང་རྣམས་ཀྱིས་གྲ་སྒྲིག་བྱས་ནས་སྡོད་དགོས་སྐོར་དང་། རྒྱ་གར་མཁའ་དམག་གིས་འཇིགས་སྐུལ་དྲག་སྤྱོད་པའི་ལྟེ་གནས་ལ་འཇབ་རྒོལ་བྱས་ཏེ་འཇིགས་སྐུལ་བ་མང་པོ་བསད་ཡོད་ཟེར་བ་དེར་ངོས་ལེན་མེད་སྐོར་དང་། རྒྱ་གར་གྱི་བྱ་སྤྱོད་དེ་ནི་འོས་བསྡུའི་གནོན་ཤུགས་དང་། ནང་ཁུལ་གྱི་མངོན་འདོད་སྒྲུབ་ཆེད་ཡིན་པ་དང་། དེའི་ཆེད་དུ་ས་གནས་ཀྱི་ཞི་བདེ་དང་བརྟན་བརླིང་དག་ཀྱང་ཉེན་ཁའི་ནང་ལྷུང་བཞིན་ཡོད་སྐོར་སོགས་ཀྱི་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། རྒྱ་གར་གྱིས་པཱ་ཀི་སི་ཐན་ལ་མཁའ་དམག་དང་པོ་བཏང་བར་བརྟེན། པཱ་ཀི་སི་ཐན་ལ་ཕར་རྒོལ་བྱེད་རྒྱུའི་ཐོབ་ཐང་ཡོད་སྐོར་དང་། པཱ་ཀི་སི་ཐན་གྱིས་གནས་དུས་ལ་བལྟས་ནས་རྒོལ་ལན་སྤྲོད་རྒྱུ་ཡིན། ཞེས་བརྗོད་ཡོད་པ་དང་། དེ་བཞིན་པཱ་ཀི་སི་ཐན་གྱི་གཞུང་འབྲེལ་གསར་ཁང་སོགས་གསར་ལམ་མི་ཉུང་བ་ཞིག་གིས། རྒྱ་གར་མཁའ་དམག་གིས་འབར་རྫས་གཡུག་སའི་ས་ཁུལ་དག་ནི་ནགས་ཚལ་ཡིན་པ་ལས་དེར་འཇིགས་སྐུལ་བ་སོགས་གང་ཡང་མེད་སྐོར་དང་། རྒྱ་གར་མཁའ་དམག་གིས་འབར་རྫས་གཡུག་ཤུལ་དུ་ཅ་དངོས་གས་ཆག་སོང་བ་དང་མིའི་ཕུང་པོ་སོགས་མཐོང་རྒྱུ་མེད་སྐོར་སོགས་བརྗོད་འདུག

པཱ་ཀི་སི་ཐན་གྱིས་གཞུང་འབྲེལ་གསལ་བསྒྲགས་བྱས་ཏེ་ཆུ་ཚོད་ ༦ ལྷག་འགོར་རྗེས། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཝི་ཇེ་གྷོ་ཁ་ལེ་(Vijay Gokhale) ཡིས་མཁའ་དམག་འཇབ་རྒོལ་སྐོར་ནས་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་གར་གྱི་གསང་བའི་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་བ་ལྟར་ན། རྗེ་ཤི་ཨེ་མོ་ཧཱ་མཌ་དྲག་སྤྱོད་ཚོགས་པས་རྒྱ་གར་གྱི་ས་ཁུལ་འགའ་ཤས་ནང་འཇིགས་སྐུལ་དྲག་སྤྱོད་ལས་འགུལ་སྤེལ་འཆར་འདུག་པ་མ་ཟད། དེའི་ཆེད་དུ་ཇི་ཧ་དྷི་སིའི་འཇབ་དམག་རྣམས་ལ་དམག་སྦྱོང་སྤྲོད་བཞིན་ཡོད་སྟབས། ང་ཚོས་འབྱུང་ངེས་པའི་ཉེན་ཁ་དེ་འགོག་ཆེད། འཇབ་རྒོལ་མ་བྱེད་ཐབས་མེད་དུ་གྱུར་སོང་། ཞེས་དང་། ཐེངས་འདིའི་མཁའ་ཐོག་འཇབ་རྒོལ་ནང་རྗེ་ཨི་ཨེམ་གྱི་དྲག་སྤྱོད་པ་དང་། དམག་སྦྱོང་སྤྲོད་མཁན། དེ་བཞིན་དམག་དཔོན་དང་། འཇབ་དམག་ལས་འགུལ་ཆེད་སྦྱོང་བརྡར་བྱེད་བཞིན་པའི་ཇི་ཧ་དྷི་སིའི་ཚོགས་པ་བཅས་མང་པོ་རྩ་མེད་བཏང་ཡོད། བྷ་ལ་ཀོ་ཊི་རུ་ཡོད་པའི་དམག་སྦྱོང་ལྟེ་གནས་དེ་མོ་ལཱ་ནཱ་ཡོ་སབ་ཨ་ཛར་(Maulana Yousuf Azhar) དང་། རྗེ་ཨི་ཨེམ་གྱི་མགོ་འཁྲིད་མཱ་སུ་དྷི་ཨ་ཛར་(Masood Azhar) གྱི་གཉེན་ཉེ་ཨུ་སི་ཊ་དྷི་གྷོ་རི་(Ustad Ghouri) གཉིས་ཀྱིས་གཙོ་སྐྱོང་བྱེད་ཀྱི་ཡོད་པ་རེད། ཅེས་དང་། ང་ཚོས་པཱ་ཀི་སི་ཐན་གཞུང་ལ་ཐེངས་མང་པོར་པཱ་ཀི་སི་ཐན་དང་དེའི་དབང་བསྒྱུར་འོག་གི་ཀཱ་ཤི་མིར་ཁུལ་དུ་རྟེན་གཞི་བྱས་ཡོད་པའི་འཇིགས་སྐུལ་དྲག་སྤྱོད་པའི་ལྟེ་གནས་ཁག་གི་གནས་ཚུལ་རྣམས་མཁོ་སྤྲོད་བྱས་ཡོད་ཀྱང་། པཱ་ཀི་སི་ཐན་གཞུང་ནས་ད་བར་ལྟེ་གནས་དེ་དག་ཡོད་པར་ཁས་ལེན་བྱེད་ཀྱི་མེད། ཇི་ཧ་དྷི་སི་བརྒྱ་ཕྲག་མང་པོ་སྦྱོང་བརྡར་བྱེད་ཐུབ་སའི་ལྟེ་གནས་ཆེན་པོ་དེ་པཱ་ཀི་སི་ཐན་གཞུང་ནས་ཤེས་རྟོགས་མེད་པ་ཡིན་ན་ཚགས་ཚུད་དེ་འདྲ་ཞིག་ཡོང་ཐབས་མེད། པཱ་ཀི་སི་ཐན་གྱིས་རང་གི་ས་ཐོག་ཏུ་ཡོད་པའི་འཇིགས་སྐུལ་དྲག་སྤྱོད་པ་རྩ་མེད་གཏོང་རྒྱུ་ལག་བསྟར་བྱས་མེད། ཅེས་བརྗོད་ཡོད་པ་དང་། ད་དུང་པཱ་ཀི་སི་ཐན་གྱིས་ཕྱི་ལོ་ ༢༠༠༤ ཟླ་ ༡ ནང་རང་གི་ས་ཐོག་ཏུ་རྒྱ་གར་ལ་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་རྒྱུའི་སྒྲིག་འཛུགས་ཤིག་རྟེན་གཞི་བྱེད་མི་ཆོག་པ་བཟོ་རྒྱུའི་ཁས་ལེན་བྱས་པ་ལྟར། རྗེ་ཨི་ཨེམ་དང་འཇིགས་སྐུལ་དྲག་སྤྱོད་པ་གཞན་གྱི་ལྟེ་གནས་རྣམས་རྩ་མེད་གཏོང་དགོས་སྐོར་བརྗོད་འདུགཡང་ཨལ་ཛ་ཛི་ར་(Aljazeera)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་གར་གྱིས་མཁའ་ཐོག་འཇབ་རྒོལ་བྱས་བ་ནས་བཟུང་། རྒྱ་གར་དང་པཱ་ཀི་སི་ཐན་གྱི་ས་མཚམས་འདྲ་མིན་ནང་དམག་འཁྲུག་ཆེ་ཆུང་དུ་མ་ཡོང་བཞིན་ཡོད་འདུག ཁ་སང་པཱ་ཀི་སི་ཐན་གྱི་ཀཱ་ཤི་མིར་ཁུལ་གྱི་ཀོ་ཊི་ལི་(Kotli) ཞེས་པའི་རྫོང་ཁོངས་སུ་འཐབ་འཁྲུག་བྱུང་སྟེ། པཱ་ཀི་སི་ཐན་གྱི་མི་སེར་དཀྱུས་མ་བཞི་རྐྱེན་འདས་སུ་སོང་བ་དང་། མི་ ༦ ་ཙམ་ལ་སྨས་སྐྱོན་བྱུང་ཡོད་སྐོར་བརྗོད་འདུག་ལ། དེ་རིང་རྒྱ་གར་གྱི་ཨེན་ཌི་ཊི་ཝི་(NDTV) གསར་ཁང་གིས་པཱ་ཀི་སི་ཐན་དམག་གིས་དམག་མཚམས་ས་ཚུགས་ཁག་ཏུ་མེ་མདའ་དང་འབར་མདེལ་འཕངས་བའི་རྐྱེན་གྱིས། རྒྱ་གར་དམག་མི་ལྔ་ལ་རྨས་སྐྱོན་བཟོས་ཡོད་པ་དང། རྒྱ་གར་གྱིས་ཕར་རྒོལ་དྲག་པོ་བྱས་ནས་ད་བར་པཱ་ཀི་སི་ཐན་གྱི་འཐབ་ར་ལྔ་རྩ་གཏོར་བཏང་ཡོད་སྐོར་བརྗོད་འདུག

ཡང་རྒྱ་གར་བང་ཆེན་གསར་ཁང་(The Indian Express) གི་གནས་ཚུལ་ལྟར་ན། དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ ཙམ་ལ། པཱ་ཀི་སི་ཐན་གྱི་མཁའ་དམག་གནམ་གྲུ་སྐོར་ཞིག་རྒྱ་གར་གི་མངའ་ཁོངས་ར་ཇོ་རི་ནོ་ཤེ་ར་(Rajauri-Naushera) ཁུལ་དུ་འཕུར་ཏེ། ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་གར་གྱི་དམག་གི་ལྟེ་གནས་སོགས་ལ་དམིགས་ཡོད་ཀྱང་ལམ་ལྷོང་བྱུང་མེད་ཚུལ་བཀོད་འདུག་ལ། རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་སྐབས། དེ་རིང་ཞོགས་པར་པཱ་ཀི་སི་ཐན་གྱི་མཁའ་དམག་རྒྱ་གར་གི་གནམ་ཐོག་ལ་འབྱོར་བ་ཤེས་རྟོགས་བྱུང་བ་དང་འཕྲལ་དུ་རྒྱ་གར་མཁའ་དམག་གིས་ཕར་རྒོལ་བྱས་ཏེ། པཱ་ཀི་སི་ཐན་གྱི་མཁའ་དམག་གནམ་གྲུ་ཞིག་རྒྱ་གར་གི་( MiG 21 Bison )ཞེས་པའི་མཁའ་དམག་གནམ་གྲུས་གཏོར་ཡོད་པ་དང་། སྟབས་མ་ལེགས་པ་ཞིག་ལ་ང་ཚོའི་མཁའ་དམག་གནམ་གྲུ་ MiG 21 ཞིག་ཀྱང་བརླགས་ཡོད་པ་རེད། ཅེས་བརྗོད་འདུགཔཱ་ཀི་སི་ཐན་གྱི་དམག་དོན་མགྲིན་ཚབ་པས་སྤྱི་ཚོགས་དྲ་ལམ་ཊུ་ཊར་དུ་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་པཱ་ཀི་སི་ཐན་མཁའ་དམག་གིས་པཱ་ཀི་སི་ཐན་གྱི་གནམ་ཐོག་ཏུ་རྒྱ་གར་གྱི་མཁའ་དམག་གནམ་གྲུ་གཉིས་གཏོར་ཡོད་པ་དང་། གནམ་གྲུ་གཉིས་ལས་གཅིག་པཱ་ཀི་སི་ཐན་དང་གཞན་དེ་རྒྱ་གར་གྱི་ས་ཐོག་དུ་ལྷུང་ཡོད་པ་མ་ཟད། པཱ་ཀི་སི་ཐན་གྱི་ས་ཐོག་ཏུ་ལྷུང་བའི་མཁའ་གྲུའི་ཁ་ལོ་བ་དེ་ད་ལྟ་པཱ་ཀི་སི་ཐན་དམག་གི་འཛིན་བཟུང་བཀག་ཉར་འོག་ཡོད་སྐོར་བཀོད་ཡོད་འདུག་ལ།  རྒྱ་གར་གཞུང་ངོས་ནས་ད་ལྟ་ཁ་ལོ་བ་དེ་པཱ་ཀི་སི་ཐན་གྱི་བཀག་ཉར་འོག་ཡོད་མེད་རྩད་གཅོད་བྱེད་བཞིན་ཡོད་སྐོར་བརྗོད་འདུག་ལ། རྒྱ་གར་ཀཱ་ཤི་མིར་ཁུལ་གྱི་ཉེན་རྟོག་པས། རྒྱ་གར་གྱི་མཁའ་དམག་གནམ་གྲུ་ཞིག་རྒྱ་གར་གྱི་ས་ཐོག་ལ་ལྷུང་ནས་ཁ་ལོ་བ་གཉིས་དང་། མི་སེར་དཀྱུས་མ་གཅིག་རྐྱེན་འདས་སུ་སོང་ཡོད་ཚུལ་བརྗོད་འདུག

དོན་རྐྱེན་བྱུང་རྗེས་ཨ་རིའི་རྒྱལ་སྲིད་དྲུང་ཆེ་སྐུ་ཞབས་མེག་པོམ་པེ་(Mike Pompeo) ལགས་ཀྱིས། ངས་རྒྱ་གར་དང་པཱ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་གཉིས་ལ་འབྲེལ་མོལ་བྱས་ཏེ། ཕྱོགས་གཉིས་ཀའི་ངོས་ནས་སྟངས་འཛིན་བྱས་ཏེ་ཛ་དྲག་ཆེ་རུ་མི་འགྲོ་རྒྱུའི་འབད་བརྩོན་བྱེད་དགོས་པ་དང། ཕྱོགས་གཉིས་བར་ཐད་ཀར་འབྲེལ་མོལ་བྱས་ཏེ་དམག་དོན་ལས་འགུལ་རིགས་གཡོལ་ཐབས་བྱེད་དགོས་པ་ཡིན། ཞེས་བརྗོད་ཡོད་འདུག་པ་དང་། ཨོ་སི་ཊོ་ལི་ཡ་དང་། ཧྥ་རན་སི། དབྱིན་ཡུལ་(UK)བཅས་ཀྱིས་རྒྱ་གར་གྱི་འཇིགས་སྐུལ་དྲག་སྤྱོད་པར་འཇབ་རྒོལ་བྱས་པ་དེར་རྒྱབ་སྐྱོར་ཡོད་པ་དང་། ཕྱོགས་གཉིས་ཀས་འཇིགས་སྐུལ་བར་མཉམ་འབྲེལ་གྱི་ཐོག་ནས་ཁ་གཏད་གཅོག་དགོས་སྐོར་སོགས་བརྗོད་ཡོད་འདུག དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་རྒྱལ་ཁབ་གཉིས་བར་ཞི་འགྲིག་ཡོང་ཐབས་དགོས་པའི་འབོད་སྐུལ་གནང་འདུག

རྒྱ་ནག་གི་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་ཅེས་པའི་ནང་། རྒྱ་ནག་ངོས་ནས་རྒྱ་གར་དང་པཱ་ཀི་སི་ཐན་བར་གྱི་རྙོག་དྲའི་ནང་གཅིག་དེ་འགྲིག་དང་གཞན་དེ་ནོར་ཡོད་ཅེས་བརྗོད་ཀྱི་མེད་ཀྱང་། ཕྱོགས་གཉིས་ཀས་གྲོས་མོལ་བརྒྱུད་ནས་ཕན་ཚུན་གྱི་དཀའ་དག་སེལ་དགོས་པ་དང་། རྒྱ་ནག་ངོས་ནས་ཀྱང་དེ་ལྟར་བྱ་རྒྱུ་ཡིན། ཞེས་དང་། ཆབ་སྲིད་དང་རྒྱལ་སྲུང་གི་ཆེད་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ཇེ་སྡུག་ཏུ་སོང་དུས། དཔལ་འབྱོར་མཉམ་ལས་ནི་གྲོས་མོལ་གྱི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་སྟབས། རྒྱ་གར་གྱིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ནང་མཉམ་ཞུགས་བྱས་པ་ཡིན་ན། ཀི་སི་ཐན་གྱིས་རང་གི་མངོན་འདོད་སོགས་རྒྱ་གར་ལ་བརྗོད་རྒྱུའི་སྡིངས་ཆ་ཞིག་བསྐྲུན་རྒྱུར་ཕན་ཐོགས་ཡོང་གི་རེད། ཅེས་དང་། དེ་བཞིན་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་བརྒྱུད་ནས་རྒྱ་གར་ལ་རྒྱལ་སྤྱིའི་སྟེང་ནས་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་གཅོག་རྒྱུའི་རྒྱབ་སྐྱོར་ཐོབ་སྲིད་པ་དང་། འཇིགས་སྐུལ་དྲག་སྤྱོད་པར་རྒོལ་རྡུང་གཏོང་རྒྱུ་ནི་རྒྱུད་གཅིག་ལམ་གཅིག་ནང་ཞུགས་པའི་རྒྱལ་ཁབ་ཚང་མའི་དམིགས་ཡུལ་ཞིག་ཡིན། ཞེས་བརྗོད་འདུག་ལ། འདས་ལོར་རྒྱ་གར་གྱིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེ་པཱ་ཀི་སི་ཐན་གྱི་དབང་བསྒྱུར་འོག་གི་ཀཱ་ཤི་མིར་ཁུལ་དུ་འཁེལ་གྱི་ཡོད་པའི་རྒྱུ་མཚན་གྱིས་ལས་གཞི་དེར་ངོས་ལེན་བྱས་མེད་པ་མ་ཟད། རྒྱུད་གཅིག་ལམ་གཅིག་གི་ཚོགས་འདུའི་ཐོག་ཨ་རི་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་ ༡༣༠ ཡིས་རང་གི་སྐུ་ཚབ་བཏང་ཡོད་ཀྱང་། རྒྱ་གར་རང་གི་སྐུ་ཚབ་བཏང་མེད་པ་མ་ཚད། རྒྱ་ནག་གིས་རྒྱ་གར་གྱི་བདག་དབང་ལ་གནོད་པའི་བྱ་བ་རྩོམ་གྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པར་བརྟེན། རྒྱ་ནག་གིས་ད་བར་རྒྱ་གར་ལས་གཞི་དེའི་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་གི་ཡོད་འདུག དེ་སྔོན་རྒྱ་གར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ནང་རྗེ་ཨི་ཨེམ་འཇིགས་སྐུལ་དྲག་སྤྱོད་ཚོགས་པའི་མགོ་འཁྲིད་མཱ་སུ་དྷི་ཨ་ཛར་འཇིགས་སྐུལ་བར་ངོས་འཛིན་བྱེད་དགོས་པའི་ཞུ་ཡིག་ཐེངས་མང་ཕུལ་ཡོད་ཀྱང་། རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགོ་འཛིན་ཚོགས་མིའི་དབང་ཆ་སྤྱད་ནས་རྒྱ་གར་གྱི་རེ་ཞུ་དེ་རྩིས་མེད་བཏང་ཡོད་འདུགགནད་དོན་དབྱེ་ཞིབ་མི་ཉུང་བ་ཞིག་གིས་རྗེ་ཨི་ཨེམ་འཇིགས་སྐུལ་དྲག་སྤྱོད་པས་རྒྱ་གར་གྱི་ཉེན་རྟོག་དམག་མི་ ༤༠ ལྷག་རྐྱེན་འདས་བཏང་བར་བརྟེན། སྔ་ཕྱི་མ་གཏོགས་རྒྱ་གར་གཞུང་གིས་པཱ་ཀི་སི་ཐན་ལ་དྲག་རྒོལ་བྱ་རྒྱུ་ཡིན་པ་གཏན་འཁེལ་ལྟ་བུ་ཡིན་པའི་ཚོད་དཔག་བྱས་ཡོད་པ་དང་། དོན་རྐྱེན་དེ་བྱུང་རྗེས་རྒྱ་གར་སྤྱི་ཚོགས་ནང་གླེང་སློང་མང་པོ་བྱུང་ཡང་། སྐབས་དེར་སོ་ཌི་རྒྱལ་ཁབ་ཀྱི་རྒྱལ་སྲས་མོ་ཧཱ་མཌ་བྷིན་སཱལ་མཱན་(Mohammad Bin Salman) པཱ་ཀི་སི་ཐན་དང་རྒྱ་གར་དུ་སྐོར་སྐྱོད་ཀྱི་སྐབས་དང་འཁེལ་ཡོད་པར་བརྟེན། ད་བར་རྒོལ་ལན་སློག་མེད་སྐོར་བརྗོད་ཡོད་པ་དང་། ཐེངས་འདིའི་རྒོལ་ལན་གྱི་རྒྱབ་ན་བསླེབ་ལ་ཉེ་བའི་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུའི་གནོན་ཤུགས་ཀྱང་ཡོད་པར་བཤད།

རྒྱ་གར་དང་པཱ་ཀི་སི་ཐན་གཉིས་ཀྱི་དམག་གི་སྟོབས་མཚུངས་བསྡུར་བྱས་ཚེ། རྒྱལ་སྤྱིའི་དམག་གི་འཐབ་ཇུས་ལྟེ་གནས་ཁང་(International Institute for Strategic Studies) གིས་བཏོན་པའི་སྙན་ཐོ་ལྟར་ན། ཕྱི་ལོ་ ༢༠༡༨ ལོའི་རྒྱ་གར་གྱི་དམག་གི་འགྲོ་གྲོན་དེ་ཨ་སྒོར་ཐེར་འབུམ་ ༥༨ ཡིན་འདུག་པ་དང་། པཱ་ཀི་སི་ཐན་གྱི་དམག་གི་འགྲོ་གྲོན་དེ་ཨ་སྒོར་ཐེར་འབུམ་ ༡༡ དང་། ཕྱིའི་རྒྱལ་ཁབ་ནས་ཨ་སྒོར་ས་ཡ་ ༡༠༠་ཡི་ དམག་རོགས་ཐོབ་ཡོད་འདུག གོ་ལག་མཚོན་ཆའི་ཐད་ནས་བཤད་ན། རྒྱལ་ཁབ་གཉིས་ཀར་རྡུལ་ཕྲན་མཚོན་ཆ་ཡོད་ཀྱང་། རྒྱ་གར་ལ་རྒྱང་ཚད་སྤྱི་ལེ་ ༣༠༠༠ ནས་ ༥༠༠༠ ལ་སྙོབ་ཐུབ་པའི་མེ་ཤུགས་འཕུར་མདའ་རིགས་མི་འདྲ་བ་ ༩ ཡོད་པ་དང་། པཱ་ཀི་སི་ཐན་ལ་མཚོན་ན། གཙོ་བོ་རྒྱ་ནག་གི་རོགས་འདེགས་བྱས་པར་བརྟེན། ད་ལྟའི་ཆར་རྒྱ་གར་གྱི་ས་ཕྱོགས་གང་སར་སྙོབ་ཐུབ་པའི་མེ་མདེལ་རིགས་འདྲ་མིན་ཡོད་པ་དང་། རྒྱ་གར་ལ་རྡུལ་ཕྲན་མཚོན་ཆའི་མེ་མདེལ་(Nuclear Warhead) ༡༣༠ ནས་ ༡༤༠ བར་ཡོད་ཀྱང་། པཱ་ཀི་སི་ཐན་ལ་ ༡༤༠ ནས་ ༡༥༠ བར་ཡོད་པ་དང་། པཱ་ཀི་སི་ཐན་གྱི་མེ་མདེལ་སོགས་གོ་མཚོན་མང་ཆེ་བ་རྒྱ་གར་གྱི་དམག་ལ་སྲུང་སྐྱོབ་ཕར་རྒོལ་ཆེད་དུ་དམིགས་པ་ཞིག་ཡིན་འདུག དམག་མིའི་སྟོབས་ཤུགས་ཀྱི་ཐད་ནས་བཤད་ན། རྒྱ་གར་ལ་དམག་མི་ས་ཡ་ ༡།༢ དང་། མེ་སྒྱོགས་ ༣༥༦༥ ལས་མང་བ། འཐབ་འཁྲུག་རླངས་འཁོར་ ༣,༡༠༠ དང་། དམག་མི་དབོར་འདྲེན་རླངས་འཁོར་ ༣༣༦། དེ་བཞིན་རྒྱང་ཚད་རིང་བའི་མེ་སྒྱོགས་ ༩༧༡༩ (Artillery)ལྷག་ཡོད་འདུག ཡིན་ན་ཡང་། པཱ་ཀི་སི་ཐན་ལ་དམག་མི་ ༥,༦༠,༠༠༠ དང་། མེ་སྒྱོགས་ ༢,༤༩༦། དམག་མི་དབོར་འདྲེན་རླངས་འཁོར་ ༡,༦༠༥ ། རྒྱང་ཚད་རིང་པོར་སྙོབ་ཐུབ་པའི་མེ་མདའ་ ༤,༤༧༢ དང་། རང་འགུལ་མེ་སྒྱོགས་ ༣༧༥ (Self-propelled howitzer)ལྷག་ཡོད་འདུག

ཡང་མཁའ་དམག་སྟོབས་ཤུགས་སྐོར་གྱི་སྙན་ཐོའི་ནང་། རྒྱ་གར་ལ་མཁའ་དམག་ ༡,༢༧,༢༠༠ དང་། འཐབ་འཁྲུག་གནམ་གྲུ་ ༨༡༤ (Combat Aircraft) བཅས་ཡོད་པ་དང་། པཱ་ཀི་སི་ཐན་ལ་མཁའ་དམག་ ༧༠,༠༠༠ ཙམ་དང་། འཐབ་འཁྲུག་གནམ་གྲུ་ ༤༢༥ ལས་མེད་འདུག རྒྱ་གར་གྱི་མཁའ་དམག་སྟོབས་ཤུགས་དེ་པཱ་ཀི་སི་ཐན་ལས་ལྡབ་འགྱུར་གྱིས་ཆེ་བ་ཡོད་འདུག གཞན་ཡང་རྒྱ་གར་ལ་མཚོ་དམག་ ༦༧,༧༠༠ ལྷག་དང་། གནམ་གྲུ་དབོར་འདྲེན་དམག་གྲུ་ ༡ (Aircraft Carrier)། མཚོ་འོག་དམག་གྲུ་ ༡༦ (Submarine)། དེ་བཞིན་གཏོར་རྒོལ་མཚོ་གྲུ་ ༡༤ (Destroyer)། དམག་གྲུ་དཀྱུས་མ་ ༡༣ (Frigate) སོགས་ཡོད་པ་དང། པཱ་ཀི་སི་ཐན་ལ་མཚོ་འོག་དམག་གྲུ་ ༨ དང་། དམག་གྲུ་དཀྱུས་མ་ ༡༣། འཐབ་འཁྲུག་མཁའ་གྲུ་ ༨ ལྷག་ཡོད་འདུག ད་བར་རྒྱ་གར་དང་པཱ་ཀི་སི་ཐན་བར་ཕྱི་ལོ་ ༡༩༤༧ དང་། ༡༩༦༥། ༡༩༧༡། ༡༩༩༩ བཅས་ལ་དམག་འཁྲུག་ཆེན་མོ་ཐེངས་བཞི་བརྒྱབས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༢/༢༧

Leave a Reply