༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ནི་ནང་པ་མིན་མཁན་ཚོར་སློབ་གྲྭའི་བསླབ་གཞི་བཞིན་ཚད་མ་རིག་པ་དང་སེམས་ཁམས་རིག་པ་བསླབ་རྒྱུ་དེ་སྐོར་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༣༠ ཐོག བཞུགས་སྒར་དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་སྡེ་ཁག རྒྱལ་རོང་གཞིས་བྱེས་མི་མང་ཐུན་མོང་དང་བཙན་བྱོལ་བོད་མིའི་ཚོང་བའི་ཚོགས་པ།  སྨན་པ་སྐལ་བཟང་དོན་ལྡན་བོད་ཀྱི་གསོ་རིག་སྨན་ཁང་བཅས་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་བ་དང་། ༧གོང་ས་མཆོག་ནས་དད་པ་དང་དམ་ཚིག་གཡོ་བ་མེད་པ་དེས་ཏན་ཏན་བླ་མའི་ཚེ་བརྟན་རྒྱུར་འབྲེལ་བ་ཡོད་པ་རེད་ཅེས་གསུངས་སོང་།

བརྟན་བཞུགས་བསྟར་འབུལ་གནང་གྲུབ་རྗེས་༧གོང་ས་རྒྱལ་བ་རིན་པ་ཆེ་མཆོག་གིས། ང་ཚོ་བོད་མིའི་སེམས་ཤུགས་དང་སྙིང་སྟོབས་ནི་ངོ་མཚར་སྐྱེས་འོས་པ་ཞིག་རེད། དེ་བཞིན་དཀའ་ངལ་ག་རེ་དང་འཕྲད་པ་ཡིན་ནའང་གདོང་ལེན་བྱེད་ཐུབ་མཁན་ཞིག་དང་། སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་དེ་ལ་བརྟེན་ནས་བོད་མིའི་སེམས་ཤུགས་བསླེབས་ཡོད་པ་ཞིག་དང་། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་ལ་བོད་ཆིག་སྒྲིལ་གྱི་ནུས་པ་ཆེན་པོ་ཞེ་དྲག་ཡོད་པ་རེད། མངའ་བདག་ཁྲི་རལ་བཀྲོངས་པ་ནས་བོད་སིལ་བོར་ཕྱིན་ཏེ་ཆབ་སྲིད་ཀྱི་ཐོག་ནས་ཉམས་དམའ་པོ་དང་ཐབས་སྐྱོ་པོའི་གནས་སྟངས་ཞེ་པོ་ཆགས་པ་རེད། བོད་སིལ་བོར་འཐོར་པ་ནས་བོད་མི་ཚོར་དཀའ་ཁག་ཞེ་དྲག་འཕྲད་པ་རེད། དཔེར་ན་ངོས་རང་སྐྱེས་ས་མདོ་སྨད་ཙོང་ཁའི་ཡུལ་ལ་ཆ་བཞག་ན། ཆོས་ཕྱོགས་ནས་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་རེད་མ་གཏོགས། བོད་དབུས་དང་ཧ་ལམ་འབྲེལ་བ་ཡོད་པ་མ་རེད། དེ་བཞིན་ངོས་ཀྱི་པ་ལགས་དང་ཨ་མ་ལགས་ནས་ང་ཚོའི་དཔོན་པོ་ཟི་ལིང་གི་མཱ་རེད་བསམ་པ་མ་གཏོགས་དགའ་ལྡན་ཕོ་བྲང་བསམ་པའི་ཡུལ་ལའང་ཡོད་པ་མ་རེད། དེ་བས་ཆབ་སྲིད་ཀྱི་ཐོག་ནས་བོད་རྦད་དེ་སིལ་བོར་ཆགས་པ་རེད། དུས་ཕྱིས་སུ་ཁམས་ཁུལ་རྒྱ་སྡེ་དང་བོད་སྡེ་གཉིས་ཆགས་པ་རེད། དེ་བས་བོད་སིལ་བོར་འཐོར་ནས་ཆབ་སྲིད་ཀྱི་ཐད་ནས་ཐབས་སྐྱོ་པོ་ཞེ་པོ་ཆགས་ཡོད་པ་རེད་དེ། ཆོལ་ཁ་གསུམ་གྱི་བོད་མི་ཡོངས་རྫོགས་གོང་བུ་གཅིག་གྱུར་བྱས་ནས་སྡོད་ཐུབ་པ་དེ་གཙོ་བོ་བོད་པའི་ཆོས་དང་རིག་གཞུང་གི་ཐོག་ནས་བྱས་འདུག བཀའ་འགྱུར་དང་བསྟན་འགྱུར་གྱི་ཡི་གེ་དེ་གང་ལྟར་དབུས་སྐད་དང་ཁམས་སྐད། ཨ་མདོ་སྐད་དང་སྟོད་པའི་སྐད་གང་ལབ་ནའང་སྒྲ་གདངས་ཕྲ་ལ་ཕྲན་བུ་མ་འདྲ་བ་ཡོང་གི་ཡོད་པ་རེད་མ་གཏོགས། བཀའ་བསྟན་གྱི་ཡི་གེ་བོད་ཡོངས་རྫོགས་དང་དེ་ཙམ་དུ་མ་ཟད། ནུབ་ལ་དྭགས་ནས་ཤར་མོན་བར་དུ་ཡི་གེ་གཅིག་གྱུར་བྱས་ནས་བསྡད་ཡོད་པ་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་བོད་ཡིག་གསར་གཏོད་མཛད་པ་ཡིན་ན་འདྲ་ཡར་རྒྱས་སུ་བཏང་བ་ཡིན་འདྲ། གང་ལྟར་བོད་ཀྱི་ཡི་གེ་དབྱངས་དང་གསལ་བྱེད་ཡོད་པ་དེ་རྒྱ་ཡིག་ལས་མ་འདྲ་བ་ཞིག་ཡིན་པ་དེ། རྩ་བ་རྒྱ་གར་གྱི་ཡི་གེ་ལ་དཔེ་བལྟས་པ་རེད་དེ་ང་ཚོར་ཟུར་དུ་ཡི་གེ་ཞིག་ཡོད་པ་རེད། ཅེས་གསུངས་སོང་།

ཐེངས་འདིའི་བརྟན་བཞུགས་དང་བསྟུན་ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་སྡེ་ཁག་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་ཤུགས་སྣོན་རྒྱག་རྒྱུ་ཡིན་པའི་ཁས་ལེན་དམ་བཅའ་ཕུལ་ཡོད་པ་དེའི་སྐོར་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། བོད་པའི་ཕྲུ་གུ་ཚོ་ང་ཚོའི་ཕ་མེས་ཚོ་ནས་ནང་པའི་ཆོས་ཆགས་བསྡད་ཡོད་པ་རེད། དེའི་ནང་ཚན་ནས་ན་ལེནྜའི་ཆོས་བརྒྱུད་ཆགས་ཡོད་པ་རེད། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཟེར་བ་དེ་ཆོས་མེད་མཁན་དང་ཡང་ནང་པའི་གཞུང་གི་སེམས་ཁམས་དང་ཚད་མ་རིག་པའི་གྲས་དེ་ནང་པ་མིན་མཁན་ཚོར་ཕར་བསླབ་དུས་ནང་ཆོས་དང་འབྲེལ་ནས་བཤད་ཀྱི་ཡོད་པ་མ་རེད། ནང་ཆོས་དང་མ་འབྲེལ་བར་སློབ་གྲྭའི་བསླབ་གཞི་བཞིན་ཚད་མ་རིག་པ་དང་སེམས་ཁམས་རིག་པ་བསླབ་རྒྱུ་དེ་ཡིན་པས། དེར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་བཤད་ཀྱི་ཡོད་པ་རེད། ང་ཚོ་བོད་ཀྱི་ཕྲུ་གུ་ཚོ་ཕ་མེས་ནས་ནང་པའི་ཆོས་བྱེད་མཁན་ཞིག་ཡིན་པ་རེད། ཤེས་མ་ཤེས་གནས་ཚུལ་ཁ་ཁ་རེད་མ་གཏོགས་སྤྱི་ཡོངས་ནས་བོད་རང་ལ་ཡོད་པའི་སངས་རྒྱས་ཀྱི་ཆོས་དང་ལྟ་གྲུབ་དེ་རེད། ངོས་ཀྱི་སློག་གྲྭ་ཁག་ནང་ཆོས་དགེ་ཞེས་པའི་མིང་དེ་འགྱུར་བ་བཏང་སྟེ་ལྟ་གྲུབ་དགེ་རྒན་ཟེར་དགོས་པའི་རྒྱུ་མཚན་ཕྲུ་གུ་ཚོར་ལྟ་གྲུབ་བསླབ་རྒྱུ་དེ་རེད། སྨོན་ལམ་རྒྱག་རྒྱུ་དང་འདོན་པ་འདོན་རྒྱུ་དེ་ཆོས་ལུགས་ཚང་མའི་ནང་འདུག ང་ཚོ་བོད་ལ་ཡོད་པ་སངས་རྒྱས་ཆོས་ནི་མཁན་ཆེན་ཞི་བ་འཚོས་ངོ་སྤྲོད་གནང་པའི་ན་ལེནྜའི་ཆོས་བརྒྱུད་དེ་རེད། ན་ལེནྜའི་ཆོས་བརྒྱུད་ཀྱིས་ཁྱད་ཆོས་ག་རེ་ཐོག་ནས་སྟོན་གྱི་ཡོད་པ་རེད་ལབ་ན། པ་ལི་གཞུང་ནང་བཤད་ཀྱི་ཡོད་པའི་འདུལ་བ་དང་བདེན་པ་བཞི་སོགས་ནི་རྨང་གཞི་རེད། མ་འདྲ་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་ཉིད་ཀྱི་ལྟ་བ་དང་འབྲེལ་བའི་ས་ལམ་འབྲས་གསུམ་དེ་ཐུན་མོང་མ་ཡིན་པ་ཆགས་ཡོད་པ་རེད། ལེགས་སྦྱར་གྱི་ཆོས་བརྒྱུད་ནང་མ་གཏོགས་མི་འདུག ལེགས་སྦྱར་གྱི་ཆོས་བརྒྱུད་དེ་རྒྱ་ནག་ལ་ཆ་བཞག་ན་ན་ལེནྜ་ནས་མར་བརྒྱུད་པ་ཡིན་པ་གཅིག་པ་རེད། ཡིན་ནའང་རྒྱ་ནག་གི་ཆོས་བརྒྱུད་ནང་ཚད་མ་རིག་པར་ཞེ་དྲག་དོ་སྣང་གནང་མི་འདུག ང་ཚོ་བོད་ཀྱིས་ཚད་མ་རིག་པར་དོ་སྣང་ཆེན་པོ་གནང་ཡོད་པ་རེད། ཅེས་གསུངས་སྟེ། བོད་ཕྲུག་ཚོར་ཡན་ལག་བདུན་པ་སོགས་འགྲེལ་བཤད་གཅིག་པོ་མིན་པར་སངས་རྒྱས་ཆོས་ཀྱི་ཚད་མ་རིག་པ་དང་དེ་དང་འབྲེལ་བའི་སེམས་ཁམས་རིག་པར་དོ་སྣང་བྱེད་དགོས་སྐོར་སོགས་གསུངས་སོང་།དེའི་རྗེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁོང་གི་མཚན་ཞབས་པ་རྒྱལ་རོང་དགེ་བཤེས་ལགས་དང་འབྲེལ་བ་ཡོད་པ་དང་། དེ་བཞིན་ཁོང་གིས་མཚམས་རེར་རྒྱལ་རོང་སྐོར་གྱི་ལོ་རྒྱུས་གསུང་གི་ཡོད་པ། ལྷག་པར་དུ་རྨེའུ་རྒྱལ་བོ་དཔལ་མགོན་འཕྲིན་ལས་རབ་བརྟན་ལགས་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་མཇལ་བ་ནས་ངོ་ཤེས་པ་དང་། ཕྱི་ལོ་ ༡༩༥༦ ལོར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་འཛུགས་སྐབས་པེ་ཅིན་ནས་ཁོང་ཕེབས་སྟེ་ཐེངས་འགར་ཐུག་སྐབས་རྒྱལ་རོང་བ་ཚོས་ག་ཚད་དཀའ་སྡུག་མྱོང་གི་ཡོད་པ་དང་དམར་དམག་རྒྱང་སྐྱོད་སྐབས་དཀའ་ངལ་ཅི་འཕྲད་དང་འཐབ་འཛིང་ཅི་བྱས་མང་པོ་གསུངས་ཡོད་པས་རྒྱལ་རོང་ལ་རྒྱུས་ཡོད་སྐོར་གསུངས་སོང་།

ཡང་ཁོང་གིས། ཁོང་གིས་དབུ་འཁྲིད་དེ་གཙོ་ཆེ་གཞིས་ལུས་རྒྱ་ཆེ་མི་མང་ཚོས་ལྷག་བསམ་དང་སྙིང་སྟོབས་ཀྱིས་འཛམ་གླིང་ལ་མིག་དཔེ་འོས་པ་ལྟ་བུ་ཞིག་དང་། བཙན་བྱོལ་བོད་མི་ཚོས་ཀྱང་གོང་བུ་གཅིག་སྒྲིལ་ནས་མི་རིགས་ཀྱི་ལ་རྒྱ་འདོར་མེད་ངང་གནས་པས། འཛམ་གླིང་གི་བཙན་བྱོལ་བ་མ་འདྲ་བ་ཞིག་བྱུང་ཡོད་པ་མཟད། ཐོག་མར་རྒྱ་གར་ལ་བཙན་བྱོལ་དུ་བསླེབས་ནས་གཙོ་ཆེ་ཤོས་དེ་གཞིས་ཆགས་དང་སློབ་གྲྭ་འཛུགས་རྒྱུར་ཤུགས་བརྒྱབས་ནས་ད་ལྟ་བོད་མི་བཙན་བྱོལ་བའི་ནང་ཧ་ལམ་ཡིག་རྨོངས་བ་མེད་པ་ནི་གྲུབ་འབྲས་ཆེན་པོ་ཞིག་ཡིན་སྐོར་དང་། ད་ལྟ་གདན་ས་ཁག་ནང་བོད་ནས་ཡོང་བའི་གྲ་རྒྱུན་ཉུང་དུ་ཕྱིན་པར་བརྟེན་རྒྱ་གར་ཡུལ་མི་དང་ནང་པའི་རྒྱལ་ཁབ་ཁག་གི་ནང་ཆོས་ལ་དོ་སྣང་ཅན་ཚོར་དཔལ་ན་ལེནྜ་ནས་བརྒྱུད་པའི་ཚད་མ་རིག་པ་དང་སེམས་ཁམས་རིག་པའི་ལྟ་གྲུབ་སྤེལ་ཏེ་རྒྱ་གར་ནང་བསྐྱར་གསོ་དང་འཛམ་གླིང་ལ་ཞབས་འདེབས་སྒྲུབ་ཐབས་གནང་དགོས་གལ་ཆེ་སྐོར་གསུངས་སོང་།

མཐའ་མ་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། རྒྱལ་བ་རིན་པོ་ཆེ་བྲེལ་བ་ཞེ་དྲག་མེད་པར་ཚེ་རིང་པོ་ཞིག་བྱུང་ན་དགའ་པོ་འདུག་གམ། ཡང་ན་བྲེལ་བ་ཚ་པོ་མི་ཚེ་ཐུང་ཐུང་ཞིག་ཡིན་ན་དགའ་པོ་འདུག་ཅེས་ལབ་པ་ཡིན། ད་ནི་དགེ་འདུན་གྲུབ་པའི་དགུང་ལོའི་མཚམས་ལ་བསླེབས་ཡོད་པ་རེད། ད་བླ་རྒན་ལྷོད་ལྷོད་བྱས་ནས་སྡོད་པའི་དུས་ཚོད་རེད་མ་གཏོགས་ཕར་ཤོག་ཚུར་ཤོག་དང་དཔེ་ཆ་འདི་དང་དེ་འཁྲིད་རོགས་ལབ་པ་དེ་ཕལ་ཆེར་ཉུང་ནས་ཉུང་དུ་བཏང་སྟེ་བག་སྤྲོ་བོ་བྱས་ནས་འདུག་དགོས་རེད། ངོས་ལ་ལྷོད་ལྷོད་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག དེ་རིང་ཁྱེད་རང་ཚོས་བརྟན་བཞུགས་ཕུལ་བ་རེད། བརྟན་ཞུགས་ཀྱི་ཆོ་ག་དེ་ཡག་པོ་རེད་ལ་གཙོ་ཆེ་ཤོས་དེ་ཁྱེད་རང་ཚོའི་དད་པ་དང་དམ་ཚིག་གཡོ་བ་མེད་པ་དེས་ཏན་ཏན་བླ་མའི་ཚེ་བརྟན་རྒྱུར་འབྲེལ་བ་ཡོད་པ་རེད། སྤྱིར་ལས་མ་བྱས་པ་དང་མི་འཕྲད་པ་དང་བྱས་པ་ཆུད་མི་ཟ་ཟེར་བ་ལྟར་རེད་དེ། བཀའ་ཐང་གོང་མའི་གསུང་གི་ནང་སློབ་མའི་དགེ་བ་བསགས་པ་དེ་ཚོས་བླ་མ་ལ་ཕན་ཡོན་ཡོད་པ་རེད། གང་ཡིན་ཟེར་ན་ཆོས་ཕྱོགས་ནས་འབྲེལ་བ་ཡོད་པ་དང་། ཁྱིམ་ཚང་ཞིག་གི་མིའི་དགེ་རྩ་དེས་ཁྱིམ་མིར་ཕན་གྱི་ཡོད་པ་ནི་ཁྱིམ་ཚང་གཅིག་གྱུར་གྱི་དཔལ་འབྱོར་ལ་འབྲེལ་བ་ཡོད་པ་རེད། དེ་བཞིན་ཕ་མ་དང་བུ་ཕྲུག་ལ་རིགས་ཀྱི་ཐོག་འབྲེལ་བ་ཡོད་པས་ཕན་གྱི་ཡོད་པ་རེད། མི་གཞན་ཞིག་གིས་དགེ་བ་སྒྲུབ་པ་དེས་གཞན་ཞིག་ལ་ཕན་གྱི་ཡོད་པ་དེ་གསུངས་ཡོད་པ་རེད། དེ་བས་ཁྱེད་རང་ཚོ་ཚང་མས་དད་པ་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་བརྟན་བཞུགས་གནང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཅེས་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༢/༢༧

Leave a Reply