ཤེས་ཡོན་ཡར་རྒྱས་འགྲོ་བར་མཛུ་གུ་ལྔ་ཡི་ཐབས་བྱུས་དགོས་པ་རེད།

ཕ་མའི་ཚོགས་ཆེན་སྟེང་ཤེས་རིག་བཀའ་བློན་མཆོག་ནས་ཕ་མ་དང་དགེ་རྒན་ཚང་མ་མཉམ་རུབ་ཐོག་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་ངང་ནས་སློབ་ཕྲུག་གི་ཤེས་ཡོན་དང་ཀུན་སྤྱོད་འགན་ལེན་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་། གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་ཁང་ཆེན་མོའི་ནང་ཤེས་རིག་ལས་ཁུངས་གི་གོ་སྒྲིག་འོག  ཉིན་གཉིས་རིང་གི་བཙན་བྱོལ་བོད་མིའི་ཕ་མའི་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་ཀྱི་གཙོའི་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་རྣམས་དང་། སློབ་གྲྭ་ཁག་གི་དབུ་འཛིན་རྣམ་པ། ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་ཕྲུག་གི་ཕ་མ་སོགས་ཁྱོན་མི་གྲངས་ ༡༠༠ ལྷག་འཛོམས་འདུག

མཛད་སྒོའི་ཐོག་མར་ཕ་མའི་ཚོགས་ཆེན་ཐེངས་དང་པོའི་གྲོས་ཆོད་ཁག་ལག་བསྟར་ཅི་བྱས་སྐོར་ལ་ཤེས་རིག་དྲུང་ཆེ་ལགས་ཀྱིས། ཕྱི་ལོ་ ༢༠༡༥ ལོར་ཕ་མའི་ཚོགས་ཆེན་ཐེངས་དང་པོ་ཚོགས་གནང་ཡོད་པ་དང་། སྐབས་དེའི་ཚོགས་ཆེན་སྟེང་བཞག་པའི་གྲོས་ཆོད་ཁག་ལག་བསྟར་ག་འདྲ་བྱུང་ཡོད་མེད་སྐོར་ལ་ཞུ་རྒྱུ་ཡིན་པ་དང་། རྩ་བའི་ལོ་དེའི་ཚོགས་ཆེན་སྟེང་གྲོས་ཆོད་མང་པོ་ཞིག་བཞག་ཡོད་ན་ཡང་གལ་ཆེན་ཁག་སྙིང་བསྡུས་ཤིག་ཞུས་ན། དང་པོ་དེ་ས་གནས་སོ་སོའི་དགེ་རྒན་དང་ཕ་མའི་ཚོགས་ཆུང་གནད་འགག་ཆེན་པོ་ཡིན་པ་དང་འབྲེལ་བའི་སྒྲིག་གཞི་རྩ་འཛིན་གཏན་འབེབ་གནང་ཡོད་པ་དང་། དེའི་ཐད་ཤེས་རིག་ལས་ཁུངས་ཀྱིས་ཕ་མའི་ཚོགས་ཆུང་གི་ལམ་སྟོན་སྒྲིག་གཞི་རྩ་འཛིན་དེབ་ཅིག་གཏན་འབེབ་བྱས་ཏེ་ཚང་མར་འགྲེམས་སྤེལ་བྱས་ཡོད་ལ། སྒྲིག་གཞི་དེའི་ནང་གཙོ་བོ་ཕ་མའི་ཚོགས་ཆུང་གི་གལ་གནད་དང་གྲུབ་ཆ། ལས་འགན་སོགས་བཀོད་ཡོད་པ་དང་། ལས་དོན་དེ་སྤྱི་ཡོངས་ནས་ལག་ལེན་ཡག་པོ་བྱུང་ཡོད་པ་དང་ད་ལྟའི་ཆར་སློབ་གྲྭ་ཁག་ཕལ་ཆེ་བའི་ནང་ཕ་མའི་ཚོགས་ཆུང་ཡོད་འདུག་མོད། ཞུ་རྒྱུ་ཞིག་ལ་སློབ་གྲྭ་ཁག་ནང་ཕ་མའི་ཚོགས་ཆུང་ཡོད་པ་ཙམ་གྱིས་མི་འགྲིག་པར་གཏན་འབེབ་སྒྲིག་གཞི་ལག་ལེན་གཞིར་བཟུང་འགྲོ་དགོས་པ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས་མུ་མཐུད། གྲོས་ཆོད་གཉིས་པ་སྐབས་དེར་དབུས་བོད་སློབ་འཛིན་ཚོགས་མང་པོ་ཞིག་རྩིས་ལེན་རྒྱུར་ལྷག་བསྡད་ཡོད་དུས་སློབ་གྲྭ་ཁག་རྩིས་ལེན་བྱེད་རྒྱུ་གལ་ཆེན་ཡིན་པ་དང་སློབ་གྲྭ་ཁག་ཚག་ཚུད་ཡོང་གི་མེད་པ་སོགས་ཀྱི་ཐད་གྲོས་བསྡུར་བྱས་པ་ལྟར། ལས་གཞི་དེའི་ཐད་སྲིད་སྐྱོང་མཆོག་ཡིན་ནའང་ཐུགས་འགན་ཆེན་པོ་བཞེས་གནང་ཡོད་པ་དང་། དེ་བཞིན་ཤེས་རིག་ལས་ཁུངས་ནས་ཐུགས་འགན་ཆེན་པོ་བཞེས་སྟེ་འབྲེལ་ཡོད་རྒྱ་གར་དཔོན་རིགས་དང་མཇལ་འཕྲད་ཀྱིས། ད་ལྟའི་ཆར་སློབ་གྲྭ་དྲུག་མ་གཏོགས་ཆ་ཚང་བ་རྩིས་ལེན་བྱུང་ཟིན་ཡོད་པ་རེད། རྩིས་བླངས་ཟིན་པའི་སློབ་གྲྭ་ཁག་ཚགས་ཚུད་པོ་དང་དགེ་རྒན་གྱི་མཐུན་རྐྱེན། སློབ་གྲྭ་ཁག་ནང་མཐུན་རྐྱེན་སྦྱར་དགོས་པ། དགེ་རྒན་རྣམས་ལ་ཟབ་སྦྱོང་གནང་དགོས་པ་དང་སློབ་ཕྲུག་ཟུར་འཁྲིད་སོགས་གནང་དང་གནང་མུས་ཡིན་ལ།  རྩིས་ལེན་རྒྱུར་ལྷག་ཡོད་པའི་སློབ་གྲྭ་དྲུག་དེ་མ་འོངས་གང་མགྱོགས་རྩིས་ལེན་ཐུབ་པར་རྒྱ་གར་གཞུང་དང་འབྲེལ་བ་བྱས་ཏེ་འབད་བརྩོན་བྱེད་བཞིན་པ་ཡིན། དེ་བཞིན་སྐབས་དེར་གྲོས་ཆོད་གལ་ཆེ་བ་གཅིག་དེ་སློབ་གྲྭ་ཁག་ནང་དགེ་རྒན་རྒྱུན་གནས་ཐུབ་ཐབས་དང་དགེ་རྒན་ལ་ཟབ་སྦྱོང་གནང་དགོས་པ་གལ་ཆེན་པོ་ཡིན་སྐོར་བརྗོད་པ་ལྟར། སྤྱིར་བཙན་བྱོལ་ནང་དཀའ་ངལ་ཆེ་ཤོས་དེ་གོ་སྐབས་ཤིག་རག་པ་ཡིན་ན་ཕྱི་རྒྱལ་ལ་འགྲོ་ཡི་ཡོད་དུས་དགེ་རྒན་ཙམ་མ་ཟད། བོད་མིའི་སྒྲིག་འཛུགས་དང་ཚང་མར་དཀའ་ངལ་དེ་འཕྲད་བསྡད་ཡོད་ན་ཡང་། དེ་དག་ལ་མ་ལྟོས་པར་དགེ་རྒན་རྒྱུན་གནས་ཡོང་ཐབས་ཐད་སློབ་གྲྭ་ཁག་ཚང་མའི་ནང་འབད་བརྩོན་ཞུ་བཞིན་པ་ཡིན་ལ། གནད་འགག་གཙོ་བོ་དེ་དགེ་རྒན་ལ་མཐུན་རྐྱེན་སྦྱར་རྒྱུ་སོགས་ཡིན་དུས་དམིགས་བསལ་གྱིས་མཐུན་རྐྱེན་སྦྱར་དང་སྦྱོར་བཞིན་པ་ཡིན། ཞེས་གསུངས་སོང་།

སློབ་གྲྭ་ཁག་གི་ཟ་མ་དང་འཕྲོད་བསྟེན་སོགས་ཀྱི་ཐད་གྲོས་ཆོད་བཞག་ཡོད་པ་དེ་ལག་བསྟར་ཅི་བྱུང་སྐོར་གསུངས་སྐབས་ཁོང་གིས། སྤྱིར་ཤེས་རིག་ལས་ཁུངས་ལ་སློབ་གྲྭ་ཁག་གི་ཟ་མ་སོགས་ཀྱི་ཐད་དམིགས་བསལ་ཞུ་རྒྱུ་གང་ཡང་མེད་ན་ཡང་། གཏན་འཇགས་སློབ་གྲྭ་ཁག་དང་ཁྱིམ་ཚང་གི་སློབ་ཕྲུག་ཚོས་དུས་གསུམ་གྱི་ཟ་མ་དེ་སློབ་གྲྭ་ནས་གཏོང་གི་ཡོད་དུས་ཟ་མ་བཅུད་དང་ལྡན་པ་ཡོང་ཐབས་དང་། སློབ་ཕྲུག་ཚོས་འཕྲོད་བསྟེན་དང་འབྲེལ་བ་ཡོད་དུས་གལ་གནད་ཆེན་པོ་ཆགས་ཡོད་པ་དང་། བོད་ཁྱིམ་ལྟ་བུ་ལ་མཚོན་ན། སློབ་གྲྭ་ཁག་གི་ཟ་མའི་ཐད་བཅུད་དང་ལྡན་པ་ག་འདྲ་ཕུལ་དགོས་པ་སོགས་ལ་ཉམས་ཞིབ་གནང་ཡོད་པ་དེ་དག་ཧ་ཅང་ཡག་པོ་བྱུང་ཡོད་པ་དང་། དེ་བཞིན་ཉིན་མོའི་སློབ་གྲྭ་ཁག་གི་ཟ་མའི་ཐད་ཕ་མའི་ཚོགས་ཆུང་ནས་མཐུན་འགྱུར་རོགས་རམ་དཔེ་ཡག་པོ་གནང་གི་འདུག་ཅེས་དང་། གཞན་སློབ་གྲྭ་ཁག་གི་བུ་ཕྲུག་གསུམ་ཅན་ལ་དམིགས་བསལ་གཟིགས་སྐྱོང་གནང་རྒྱུའི་སྐོར་དེ་ཡིན་པ་དང་། དེ་སྔོན་གསལ་བསྒྲགས་ཤིག་བཏང་བ་ལས་དམིགས་བསལ་ལག་ལེན་བསྟར་མེད་པ་དང་། ད་ལྟའི་ཆར་བཀའ་ཤག་གི་རྩ་འཛིན་ལམ་སྟོན་ཇི་བཞིན་བུ་ཕྲུག་གསུམ་ཅན་ལ་དམིགས་བསལ་གཟིགས་སྐྱོང་ལག་ལེན་བསྟར་བཞིན་པ་ཡིན་ལ། ཕྱི་ལོ་ ༢༠༡༥ ཙམ་ལ་བུ་ཕྲུག་ ༢༨༠ ལྷག་ཅིག་ཡོད་པ་དང་ཕྱི་ལོ་ ༢༠༡༨ ལོར་བུ་ཕྲུག་ ༥༠༠ ཙམ་ཞིག་ཡོད་པ་དང་། དེ་ཚོར་གཟིགས་སྐྱོང་གནང་དགོས་དོན་དེ་གཙོ་བོ་བཙན་བྱོལ་ནང་དུ་མི་འབོར་ཇེ་ཉུང་དུ་འགྲོ་བཞིན་པར་གཞིགས་ནས་བཀའ་ཤག་གི་དགོངས་གཞི་ལྟར་ལག་ལེན་བསྟར་བ་ཞིག་ཡིན་པ་དང་། དེ་དག་གི་དམིགས་ཡུལ་དེ་ཤེས་དགོས་པ་གལ་ཆེན་པོ་ཡིན་པ་དང་ཐོབ་ཐང་གི་ཟོལ་འདྲ་བོ་བྱས་བསྡད་ན་ཏག་ཏག་བསྡད་མི་འདུག ཅེས་གསུངས་སོང་།དེའི་རྗེས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་ནས་ཚོགས་འདུ་ངོ་སྤྲོད་དང་འབྲེལ། ཕ་མའི་ཚོགས་ཆེན་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༡༥ ལོར་ཚོགས་ཡོད་པ་དང་། ཚོགས་ཆེན་དེ་ཚོགས་དགོས་པའི་རྒྱུ་མཚན་གཙོ་བོ་སློབ་གྲྭ་ཁག་གི་ནང་དགེ་རྒན་དང་ཕ་མའི་ཚོགས་ཆུང་མེད་པ་དང་། ཡོད་པ་ཡིན་ན་ཡང་གྲུབ་ཆ་གཅིག་མཚུངས་དང་ཆ་ཚང་བ་ཞིག་མེད་པ་དང་། དེ་བཞིན་ལས་དོན་སྤེལ་ཕྱོགས་དེ་དག་གི་ཐད་ལམ་སྟོན་གསལ་བོ་ཞིག་མེད་བསྡད་པ་སོགས་ལ་བརྟེན་ནས་ཚོགས་ཆེན་དང་པོ་དེ་ཚོགས་ཡོད་པ་དང་། ཚོགས་ཆེན་དང་པོའི་སྟེང་དགེ་རྒན་དང་ཕ་མའི་ལས་དོན་བྱེད་ཕྱོགས་དང་རྩ་འཛིན་ལམ་སྟོན་གོ་བསྡུར་སྦྱང་བཤད་ཀྱིས་གཏན་འབེབ་གནང་ཐུབ་ཡོད་འདུག་ལ། ཚོགས་ཆེན་དེ་ཚོགས་དགོས་དོན་ཤེས་རིག་ལས་ཁུངས་ངོས་ནས་དགེ་རྒན་དང་ཕ་མའི་བར་ལ་ཟམ་པ་ལྟ་བུ་བྱས་ཏེ། སློབ་ཕྲུག་གི་ཤེས་ཡོན་ཐད་ཕ་མའི་ཆ་ཤས་མང་ཙམ་ལེན་ཐབས་དང་། དེ་བཞིན་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་ཕ་མ་ཚོས་སློབ་ཕྲུག་གི་ཤེས་ཡོན་ཐད་འགན་མང་ཙམ་ལེན་ཐབས་སུ་དམིགས་ནས་ཚོགས་འདུ་དེ་བསྐངས་ཡོད་པ་རེད། ཅེས་གསུངས་སོང་།

ཐེངས་འདིའི་ཚོགས་ཆེན་གྱི་གྲོས་གཞི་ཁག་གི་སྐོར་ལ་ཁོང་གིས། ཚོགས་ཆེན་ཐེངས་གཉིས་པའི་སྟེང་དེ་སྔོན་དགེ་རྒན་ཕ་མའི་ཚོགས་ཆུང་གི་རྩ་འཛིན་སྒྲིག་གཞིའི་ནང་འགྱུར་བཅོས་དང་བསྐྱར་བཅོས་ག་རེ་གཏོང་དགོས་པ་དང་། དེའི་ནང་མ་འདང་བ་མ་འཐུས་པ་ག་རེ་ཡོད་པ་སོགས་ཀྱི་སྐོར་ལ་གྲོས་བསྡུར་སྦྱང་བཤད་དགོས་པ་དང་། ཚོགས་ཆུང་མེད་པའི་ས་གནས་ཁག་ཏུ་ཚོགས་ཆུང་གསར་འཛུགས་གནང་ཐབས་དང་། ཕ་མ་དང་དགེ་རྒན་མཉམ་འབྲེལ་ཐོག་སློབ་ཕྲུག་གི་ཤེས་ཡོན་གོང་མཐོར་ག་འདྲ་གཏོང་ཐུབ་པ་སོགས་ཀྱི་སྐོར་ལ་གྲོས་བསྡུར་མང་པོ་ཡོང་ཐུབ་པའི་རེ་བ་ཞུ་ཡི་ཡོད་ལ། གཉིས་པ་དེ་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་སློབ་ཕྲུག་གསོ་སྐྱོང་གནང་ཐབས་དེ་ཤེས་ཡོན་སྲིད་བྱུས་ངོས་ནས་གལ་ཆེན་པོར་མཐོང་གི་ཡོད་ལ་ཕ་མ་ཚོས་དེ་ལྟར་གནང་གི་ཡོད་པའི་རེ་བ་ཡོད། ཚོགས་ཆེན་དང་པོའི་སྐབས་སུ་ཕ་མ་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གོ་རྟོགས་སྤེལ་དགོས་པའི་དགོངས་འཆར་བསླེབས་པ་བཞིན། ཤེས་རིག་ལས་ཁུངས་ནས་དེ་དང་འབྲེལ་བའི་ལས་འཆར་མང་པོ་ཞིག་སྤེལ་ཟིན་པ་ཡིན་ལ་མུ་མཐུད་ནས་སྤེལ་རྒྱུའི་འཆར་གཞི་ཡོད། མདོར་བསྡུས་ན་ཕ་མ་དང་དགེ་རྒན་སློབ་གྲྭ་ཚང་མའི་ངོས་ནས་འགན་འཁུར་སྟེ་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་ངང་ནས་སློབ་ཕྲུག་གི་ཤེས་ཡོན་ལ་འགན་འཁུར་དང་ཕན་ཚུན་བརྩི་བཀུར་ཡོད་པའི་ཐོག་ནས་སློབ་མའི་ཀུན་སྤྱོད་དང་སློབ་སྦྱོང་ཡོངས་ལ་མཉམ་རུབ་གནང་དགོས་ཀྱི་འདུག ཅེས་གསུངས་སོང་།མཇུག་ཏུ་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཁ་སང་ཤེས་རིག་ལས་ཁུངས་ངོས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་ཕུལ་བའི་བསྐལ་བ་བཟང་བོ་བྱུང་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཤེས་ཡོན་ཐད་གྲུབ་འབྲས་བྱུང་འདུག་གསུངས་དུས་ང་རང་སྲིད་སྐྱོང་ཡིན་པའི་ཆ་ནས་ལས་འགན་འགྲུབ་འདུག་ལ་ཤེས་རིག་ལས་ཁུངས་ངོས་ནས་འགན་དེ་འགྲུབ་འདུག་བསམ་ནས་དགའ་བོ་བྱུང་། དེ་བཞིན་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༦ ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཤེས་ཡོན་ཡར་རྒྱས་འགྲོ་འདུག་ཅེས་བཀའ་གནང་ཡོད་པ་དང་། ཆབ་སྲིད་སོགས་ཀྱི་ནུས་པ་དེ་དག་རྒྱལ་ཁབ་གཞན་གྱིས་རྒྱབ་སྐྱོར་དང་བོད་རྒྱ་འབྲེལ་མོལ་སོགས་རྒྱ་ནག་གཞུང་ལ་རག་ལས་ཡོད་དུས་ང་རང་ཚོར་ཐབས་ཤེས་མེད་ན་ཡང་ཤེས་ཡོན་དེ་ང་རང་ཚོའི་ལག་ཏུ་ཡོད་པ་རེད། ང་རང་ཚོའི་ལག་ན་ཡོད་པ་དེ་ཡག་པོ་བྱ་དགོས་སྐོར་གསུངས་སོང་བ་ལྟར་དེ་ག་རང་འབད་བརྩོན་ཞུ་ཡི་ཡིན་ཞེས་བརྗོད་པ་ཡིན། ཞེས་གསུངས་སོང་།

ཡང་ཁོང་གིས། ང་རང་ཚོ་ཚང་མས་༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་དགོས་ཞེས་བཤད་བཞིན་པ་ལྟར། གང་ལ་གང་འཚམ་བསྒྲུབས་ཐུབ་འདུག་ལ། མུ་མཐུད་ནས་ཡར་རྒྱས་འགྲོ་བར་མཛུ་གུ་ལྔ་ཡི་ཐབས་བྱུས་དགོས་པ་རེད་ཞུས་བསྡད་ཡོད། མཛུ་གུ་དང་པོ་བོད་མིའི་སྒྲིག་འཛུགས་ཀྱི་འགན་རེད། དེ་ལམ་སློབ་དང་མཐུན་རྐྱེན་སྦྱར་རྒྱུ་དང་མཛུ་གུ་གཉིས་པ་དེ་སློབ་གྲྭའི་སློབ་སྤྱི་དང་དགེ་ལས་ཚོ་རེད་ལ། ཁོ་ཚོའི་ལས་འགན་དེ་སྒྲིག་འཛུགས་ནས་གནང་བཞག་པའི་མཐུན་རྐྱེན་དེ་དག་གཙོའི་སློབ་ཕྲུག་དང་ཕ་མ་ཚང་མའི་སྒང་ལ་གཟིགས་རྟོགས་གནང་མཁན་རེད། གསུམ་པ་དེ་དགེ་རྒན་གྱི་ལས་འགན་དེ་ཡིན་པ་དང་འཛིན་གྲྭའི་ནང་ལ་སློབ་ཕྲུག་ཚོར་ཐད་གར་འབྲེལ་ཡོང་མཁན་དགེ་རྒན་རེད། དགེ་རྒན་ཞིག་ལ་མཚོན་ན་སློབ་ཕྲུག་ཚང་མ་ཆུང་ཆུང་རེད་འཛིན་གྲྭའི་སྒོ་དང་སྒེའུ་ཁུང་ཚང་མ་བརྒྱབས་ནས་ག་རེ་བསླབ་ན་ཡང་ཧ་གོ་ཡི་མ་རེད་བསམ་རྒྱུ་ཡོད་པ་རེད། ཆེན་པོ་ཆགས་ན་དགེ་རྒན་ཡག་པོ་དང་སྡུག་པོ་སུ་ཡིན་ནམ་ཡང་བརྗེད་པ་མ་རེད། དེ་བཞིན་མཛུ་གུ་བཞི་པ་དེ་སློབ་ཕྲུག་ཚོ་ཡིན་པ་དང་སློབ་གྲྭར་འགྲོ་བ་ནས་སློབ་སྦྱོང་བྱས་ནས་རང་འགན་འཁུར་དགོས་པ་རེད། མཛུ་གུ་ལྔ་པ་དེ་ཕ་མ་ཚོ་ཆགས་ཡོད་པ་དང་ཕ་མ་ཚོ་སློབ་ཕྲུག་གི་མི་ཚེའི་ནང་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་རེད། ཅེས་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༢/༢༨

Leave a Reply

One thought on “ཤེས་ཡོན་ཡར་རྒྱས་འགྲོ་བར་མཛུ་གུ་ལྔ་ཡི་ཐབས་བྱུས་དགོས་པ་རེད།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    ང་ཚོ་བཙན་བྱོལ་དུ་འབྱོར་ནས་མི་ལོ་དྲུག་བཅུ་ཕྱིན་ཚར་བ་རེད་
    ལ་ཤེས་ཡོན་སློབ་གསོའི་ཐོག་ལམ་སྟོན་དང་བཀའ་སློབ་སོགས་
    ཉན་མཁན་ཡོད་མེད་ལ་མ་ལྟོས་པར་མང་སྐྱོན་མེད་ན་ཡང་ཉུང་སྐྱོན་
    ག་ནས་ཡོད་གལ་ཆེ་་ཤོས་དེ་དགེ་རྒན་གྱི་ཤེས་ཚད་ལ་རག་ལས་པ་ནི་
    འཛིན་རིམ་བཅུ་གཉིས་ཐོན་པའི་དགེ་རྒ་གྱི་འོག་ཏུ་ཕྲུ་གུའི་ཤེས་ཚད་ག་
    འདྲ་ཡོད་མེད་དབང་པོ་ནུས་ལྡན་ཞིག་ཡིན་ན་གསལ་པོ་ཤེས་ཐུབ་པ་མ་
    རེད་དམ།