འཕྲིན་སྟེགས་ཁྲི་ ༤ ལྷག་བཀག་སྡོམ་བྱས།

རྒྱ་ནག་གཞུང་གིས་དྲ་རྒྱའི་སྒྲིག་ཁྲིམས་དང་འགལ་ཡོད་སྐོར་བརྗོད་དེ་འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་འཕྲིན་སྟེགས་ཚུད་པའི་བོད་ཡིག་གཙོ་བོར་གྱུར་བའི་ཁྱོན་འཕྲིན་སྟེགས་ཁྲི་ ༤ ལྷག་བཀག་སྡོམ་བྱས་འདུག
རྒྱ་ནག་གཞུང་ཕྱོགས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་ ༢ ཚེས་ ༢༨ ཉིན། རྒྱ་ནག་གཞུང་གིས་སྐད་འཕྲིན་གྱི་འཕྲིན་སྟེགས་ཁྲི་ ༤ ལྷག་བཀག་སྡོམ་བྱས་ཏེ། འབྲེལ་ཡོད་རྩོམ་ཡིག་དང་གསར་འགྱུར་རིགས་ ༧༣༣༡༨ ལྷག་ནག་གསུབ་བཏང་ཡོད་པ་དང་། སྐད་འཕྲིན་དེ་དག་གི་ནང་དོན་རྒྱ་ནག་གི་གཏན་འབེབ་དྲ་རྒྱའི་སྒྲིག་ཁྲིམས་དང་འགལ་ཏེ། དྲག་སྤྱོད་དང་རྫུན་གཏམ། ཆབ་སྲིད་དང་འགལ་བའི་གནས་ཚུལ་རིགས་སྤེལ་ཡོད་སྐོར་བསྒྲགས་འདུག

གནད་དོན་དེའི་ཐད་སྐད་འཕྲིན་སྤྱི་གཉེར་ཁང་གིས་གསལ་བཤད་ཅིག་བྱས་པའི་ནང་། ཁྲིམས་འགལ་འཕྲིན་སྟེགས་དེ་དག་ད་ལོའི་ཕྱི་ཟླ་དང་པོའི་ནང་ནས་ཤེས་རྟོགས་བྱུང་ཡོད་པ་དང་། འཕྲིན་སྟེགས་དེ་དག་ལ་ཁྱོན་ཡོངས་ནས་བརྟག་དཔྱད་བྱས་ཏེ་དུས་ལྟར་ཐག་གཅོད་བྱས་ཡོད་ལ། རྗེས་ཕྱོགས་སྐད་འཕྲིན་སྤྱི་གཉེར་ཁང་གིས་རྒྱལ་ཁབ་ཀྱི་ཁྲིམས་ལྟར་མུ་མཐུད་དུ་ཁྲིམས་འགལ་འཕྲིན་སྟེགས་དེ་རིགས་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། ཚང་མས་ཁྲིམས་འགལ་རིགས་སྤེལ་བའི་བྱ་སྤྱོད་ལ་དོགས་ཟོན་དགོས་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་ནམ་རྒྱུན་ནས་ཁྲིམས་འགལ་ལ་ཁ་གཡར་ཏེ་སྐད་འཕྲིན་དང་ཝེ་པོ་སོགས་སྤྱི་ཚོགས་དྲ་གནས་ཀྱི་ཚོགས་པ་དང་། མི་སྒེར་གྱི་གླེང་སྟེགས་རིགས་ལ་བཀག་སྡོམ་ནག་གསུབ་གཏོང་གི་ཡོད་པ་བཞིན། འདི་ག་གསར་ཁང་ནས་ཕྱི་ལོ་ ༢༠༡༨ ལོའི་ལོ་མགོ་ཙམ་ནས་བཟུང་བོད་ནང་གི་བོད་མི་ཚོར་དམིགས་ཏེ་ཆབ་སྲིད་དང་མ་འབྲེལ་བའི་ཉིན་རེའི་གསར་འགྱུར་རིགས་ཁྱབ་སྤེལ་གཏོང་ས་༼སློབ་མའི་འཕྲིན་སྟེགས༽ཞེས་པ་ཞིག་གཉེར་བཞིན་ཡོད་ཀྱང་། ཁ་སང་ནས་བོད་ནང་གི་ཀློག་པ་པོ་མང་པོ་ཞིག་གིས་ང་ཚོའི་འཕྲིན་སྟེགས་ཀྱི་སྒོ་འབྱེད་ཐུབ་ཀྱི་མེད་པའི་བརྡ་ལན་འབྱོར་བ་ལྟར། རྒྱ་ནག་གཞུང་གི་དྲ་རྒྱའི་སྒྲིག་ཁྲིམས་དང་འགལ་ཡོད་པའི་ཉེན་བརྡ་དང་སྦྲགས་གཏན་དུ་སྒོ་བརྒྱབས་པ་ཡིན་པའི་འཕྲིན་ཐུང་བཞག་འདུག

འབྲེལ་ཡོད་བོད་ནང་གི་རྩོམ་པ་པོ་ཞིག་གིས་དེང་སང་སྐད་འཕྲིན་དང་ཝེ་པོ་སོགས་དྲ་རྒྱ་ཁག་ཏུ་བོད་ཡིག་གི་ལམ་ནས་སྤེལ་བའི་གནས་ཚུལ་རིགས་ལ་རྟོག་ཞིབ་ཤུགས་སྣོན་བྱས་ཏེ། བོད་ཡིག་གི་འཕྲིན་སྟེགས་མང་པོའི་ནང་དོན་ཐད་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། པར་རིས་སོགས་ཅུང་ཙམ་མ་འགྲིག་པ་བྱུང་ན་ལམ་སང་བཀག་ཏེ་སྤྱི་ཡོངས་ལ་གཏོང་མི་ཐུབ་པ་ཆགས་ཀྱི་ཡོད་སྐོར་བརྗོད་སོང་བ་དང་།  དེ་བཞིན་ད་ལོའི་ཕྱི་ཟླ་ ༢ པ་ནང་རྒྱ་ནག་གིས་བཟོས་པའི་སྤྱི་ཚོགས་དྲ་གནས་མགྱོགས་འཕྲིན་ནང་ནས་བོད་སྐད་བཤད་མཁན་དང་བོད་ལ་གྱོན་མཁན་རིགས་ཕྱིར་འཕུད་དང་བཀག་འགོག་བྱས་པའི་གནས་ཚུལ་ཐོན་ཏེ། བོད་མི་མང་པོས་དྲ་གནས་དེས་མི་རིགས་དབྱེ་འབྱེད་ཀྱི་བྱ་སྤྱོད་སྤེལ་གྱི་ཡོད་པའི་སྐྱོན་བརྗོད་ཤུགས་ཆེན་བྱས་སོང་།

རྒྱ་ནག་གཞུང་གིས་དྲ་རྒྱའི་སྤྱི་ཚོགས་ནི་རྒྱ་ནག་གི་ཆབ་སྲིད་གནད་དོན་ཐད་ཉེན་ཁ་ཆེས་ཆེ་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ནང་རྒྱ་ནག་དྲ་རྒྱའི་དོ་དམ་ཚན་པ་ཟེར་བས་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཆེ་ཤོས་སྐད་འཕྲིན་ཐོག་གི་གནས་ཚུལ་སྤྱི་དང་། ལྷག་པར་དུ་ཚོགས་པ་ཁག་ཇེ་མང་དུ་སོང་སྟེ་གནས་ཚུལ་འདྲ་མིན་བརྒྱུད་སྐུལ་བྱེད་བཞིན་པར་སྟངས་འཛིན་བྱེད་ཆེད། མི་གྲངས་ ༡༠ ལས་བརྒལ་བའི་སྐད་འཕྲིན་ཚོགས་པ་ཁག་ནང་བསྐུར་མི་ཆོག་པའི་དོན་གནད་ ༨ ཟེར་བ་ཞིག་གཏན་འབེབ་བྱས་ཡོད་པ་དང་། གལ་སྲིད་མི་ཞིག་གིས་སྒྲིག་འགལ་བྱས་ཚེ་ཆེས་ཉུང་མཐར་ལོ་ ༡ ནས་ལོ་ ༨ བར་བཙོན་འཇུག་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༣/༠༡

Leave a Reply