སྤྱི་ཁྱབ་བློན་ཆེན་མཆོག་གནས་གཟིགས་སུ་ཕེབས།

རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་སྦེལ་ཀོབ་བོད་མིའི་གཞིས་ཀྱི་དགོན་སྡེ་ཁག་ཅིག་ནང་གཞུང་འབྲེལ་གནས་གཟིགས་སུ་ཕེབས།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་ལ་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཤྲི་ཀུ་མཱར་སི་ཝ་མི་(Shri H.D Kumar swamy)མཆོག་གི་དབུས་ཡུལ་སྐོར་བློན་ཆེན་མཆོག་དང་། སོ་ནམ་ཞིང་ལས་བློན་ཆེན་མཆོག དེ་བཞིན་ས་གནས་གྲོས་ཚོགས་འཐུས་མི་ཁག་ཅིག རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་སྔ་འགྱུར་རྙིང་མའི་གདན་ས་རྣམ་གྲོལ་གླིང་དང་སེ་ར་ཐེག་ཆེན་གླིང་། བཀའ་བརྒྱུད་ན་ལེན་ཌ་དགོན་པ་བཅས་ཀྱི་ནང་གནས་གཟིགས་སུ་ཕེབས་ཡོད་པ་དང་། སྐབས་དེར་གདན་ས་དེ་གསུམ་གྱི་དབུ་འཛིན་མཁན་བླ་རྣམ་པའི་དབུས་དགེ་འདུན་པ་དང་། ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་དང་སྦེལ་ཀོབ་ས་གནས་གཞིས་ཆགས་གཉིས་ཀྱི་མགོ་འཛིན་རྣམ་གཉིས། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་ས་གནས་མི་མང་བཅས་ནས་ཕེབས་བསུ་ཞུས་ཡོད་པ་དང་།  གནས་གཟིགས་གྲུབ་པ་དང་བསྟུན་ལྷོ་སྤྱི་ལས་ཁུངས་དང་སྦེལ་ཀོབ་གཞིས་ཆགས་གཉིས་ཐུན་མོང་ནས་མངའ་སྡེ་གཞུང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་སྟབས་བདེ་ཞིག་ཀྱང་ཚོགས་ཡོད་འདུག

མཛད་སྒོའི་ཐོག་སྤྱི་ཁྱབ་བློན་ཆེན་མཆོག་ནས་ཁོང་ད་རེས་བོད་པའི་དགོན་སྡེ་ཁག་ལ་གནས་གཟིགས་སུ་ཕེབས་དོན་ནི་ཀར་ན་ཊ་ཀ་མངའ་སྡེ་གཞུང་གི་ལས་དོན་ཁག་ལམ་ལྷོངས་ཡོང་ཆེད་དུ་ཡིན་སྐོར་དང་། ལྷོ་ཕྱོགས་གཞིས་ཆགས་ཁག་གི་བོད་མི་རྣམས་ནི་ལས་ལ་བརྩོན་ཞིང་ཡ་རབས་བཟང་སྤྱོད་ལྡན་པ་མ་ཟད། བོད་མིའི་ཆོས་དང་རིག་གཞུང་རྣམས་ཀྱང་མི་ཉམས་རྒྱུན་འཛིན་ཡག་པོ་གནང་གི་ཡོད་པའི་བསྔགས་བརྗོད་དང་འབྲེལ། མ་འོངས་པར་མཐུན་འགྱུར་རོགས་རམ་ག་རེ་དགོས་ཀྱི་ཡོད་ཀྱང་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་འདུག

ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་སྐབས། ད་བར་ལོ་ངོ་༦༠ ལྷག་རིང་མངའ་སྡེ་གཞུང་ནས་བོད་མི་ཚོར་འགྲན་ཟླ་མེད་པའི་མཐུན་འགྱུར་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་དོན་བདེན་མཐའ་མ་གསལ་བར་མུ་མཐུད་མཐུན་འགྱུར་རོགས་རམ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གྲུབ་རྗེས། མངའ་སྡེའི་གཞུང་མང་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་སྤྱི་ཁྱབ་བློན་ཆེན་མཆོག་ལ་དཀར་གཙང་མཇལ་དར་དང་སྟོན་པའི་སྐུ་བརྙན་ཞིག དེ་བཞིན་དངུལ་ལས་གྲུབ་པའི་མཆོད་ཀོང་ཞིག  དེ་བཞིན་ཕྱག་རོགས་འཐུས་མི་གཉིས་ལའང་མཇལ་དར་དང་སྟོན་པའི་སྐུ་བརྙན་རེ་ཕུལ་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༩/༠༣/༠༡

Leave a Reply