རྒྱ་གར་གྱི་འཐབ་འཁྲུག་གནམ་གྲུའི་ཁ་ལོ་བ་རྩིས་སྤྲད།

པཱ་ཀི་སི་ཐན་གྱིས་རྒྱལ་ཁབ་གཉིས་བར་ཞི་མོལ་ཡོང་ཆེད་འཛིན་བཟུང་བྱས་པའི་རྒྱ་གར་གྱི་འཐབ་འཁྲུག་གནམ་གྲུའི་ཁ་ལོ་བ་དེ་རྒྱ་གར་ལ་རྩིས་སྤྲད།
ཁ་སང་ཕྱི་ཚེས་ ༢༨  ཉིན་པཱ་ཀི་སི་ཐན་གྱི་གྲོས་ཚོགས་ནང་སྲིད་བློན་ཨིམ་རན་ཁཱན་གྱིས་ཕྱོགས་གཉིས་བར་གྱི་ཛ་དྲག་གི་གནས་སྟངས་ཞི་འཇགས་ཡོང་རེ་དང་། པཱ་ཀི་སི་ཐན་ངོས་ནས་ཞི་བདེ་འདོད་ཀྱི་ཡོད་པའི་མཚོན་དོན་དུ། ཉིན་ཤས་སྔོན་པཱ་ཀི་སི་ཐན་མཁའ་དམག་གིས་གས་གཏོར་བཏང་བའི་རྒྱ་གར་གྱི་འཐབ་འཁྲུག་གནམ་གྲུའི་ཁ་ལོ་བ་ཨ་བྷི་ནཱན་དྷན་ཝར་ཐ་མཱན་(Abhinandan Varthaman) རྒྱ་གར་ལ་རྩིས་སྤྲོད་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ་ཡོད་པ་ལྟར། ད་ལྟ་རང་རྒྱ གར་གྱི་ཆུ་ཚོད་ ༩།༢༡་ཐོག་པན་ཇབ་མངའ་སྡེའི་ཝ་གྷ་རྒྱལ་མཚམས་(Wagah Border) ནས་རྩིས་སྤྲོད་གནང་ཡོད་པ་དང་། རྩིས་ལེན་སྐབས་རྒྱ་གར་གྱི་མཁའ་དམག་དང་། རྒྱ་གར་གྱི་མི་མང་བརྒྱ་ཕྲག་མང་པོ་འདུ་འཛོམས་ཀྱིས་རྒྱལ་ཞེན་གྱི་འབོད་ཚིག་བསྒྲགས། བསྟོད་པའི་གླུ་དབྱངས་བླངས་ནས་ཨ་བྷི་ནན་དྷན་ལ་ཕེབས་བསུ་གནང་སོང་།

ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོར་པཱ་ཀི་སི་ཐན་གྱི་(dunyanews)ཞེས་པའི་གསར་ཁང་ཞིག་གིས། ཡུལ་དེའི་དམག་དོན་འབྲེལ་ཡོད་མི་སྣས་ཨ་བྷི་ནན་དྷན་ལ་འདྲི་རྩད་བྱས་པའི་བརྙན་ཐུང་ཞིག་སྤེལ་བའི་ནང་། ཨ་བྷི་ནན་དྷན་གྱིས་ཁོ་པར་པཱ་ཀི་སི་ཐན་དམག་གིས་གས་འཐོར་སོང་བའི་གནམ་གྲུ་ལས་བསྐྱབས་ཡོད་པ་དང་། པཱ་ཀི་སི་ཐན་དམག་གིས་ཁོ་པར་ལྟ་རྟོག་ལེགས་པོ་བྱེད་ཀྱི་ཡོད་སྐོར་དང་། གལ་ཏེ་པཱ་ཀི་སི་ཐན་གྱི་དམག་མི་ཞིག་རྒྱ་གར་ལ་ཐོན་ཚེ། རྒྱ་གར་དམག་གིས་ཀྱང་དེ་ལྟར་བྱེད་པའི་རེ་བ་ཡོད་སྐོར་དང་། པཱ་ཀི་སི་ཐན་གྱིས་ཁོས་བཏང་བའི་གནམ་གྲུའི་མིང་དང་། པཱ་ཀི་སི་ཐན་དུ་འཐབ་འཁྲུག་བྱེད་དགོས་པའི་དམིགས་ཡུལ་སོགས་ཀྱི་སྐོར་ལ་སྐད་ཆ་དྲིས་དུས། ཁོས་དེ་དག་བཤད་ཆོག་གི་མ་རེད་ཅེས་སོགས་ལན་བཏབས་པར་བརྟེན། རྒྱ་གར་གྱི་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཨ་བྷི་ནན་དྷན་ལ་རྒྱལ་ཁབ་ཀྱི་དཔའ་བོ་ཞེས་བསྟོད་བསྔགས་དང་། ཁོང་གང་མགྱོགས་རྒྱ་གར་དུ་འབྱོར་ཐུབ་པའི་རེ་བ་བརྒྱབས་ཡོད་པ་མ་ཟད། རྒྱ་གར་གཞུང་གི་ངོས་ནས་གསར་འགོད་གསལ་བསྒྲགས་ཤིག་བརྒྱུད། པཱ་ཀི་སི་ཐན་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཇེ་ནེ་ཝའི་གྲོས་ཆིངས་ལ་བརྩི་བཀུར་གྱིས་ཨ་བྷི་ནན་དྷན་ལ་གནོན་འཚེ་སྐྱེལ་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། གང་མགྱོགས་རྒྱ་གར་ལ་རྩིས་སྤྲོད་བྱེད་དགོས་སྐོར་བརྗོད་ཡོད་པ་ལྟར། ཁ་སང་པཱ་ཀི་སི་ཐན་གྱིས་ཨ་བྷི་ནན་དྷན་རྩིས་སྤྲོད་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་རྗེས། རྒྱ་གར་གྱིས་གྲུབ་འབྲས་དེ་ནི་ཇེ་ནེ་ཝའི་གྲོས་ཆིངས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་བརྗོད་ཡོད་འདུག

པཱ་ཀི་སི་ཐན་གྱིས་ཨ་བྷི་ནན་དྷན་ཀློད་གྲོལ་གཏོང་རྒྱུའི་ཐག་གཅོད་དེར་རྒྱ་གར་པན་ཇཱབ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཨ་མཱ་རིན་དྷར་སིང་གི་གཙོས་རྒྱ་གར་གྱི་ཆབ་སྲིད་པ་དང་། གནད་ཡོད་མི་སྣ་སོགས་མི་ཧ་ཅང་མང་པོས་དགའ་བསུ་དང་བསྔགས་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། ཨ་རི་སོགས་ཀྱིས་དགའ་བསུ་གནང་ཡོད་པ་རེད། ཁ་སང་ཝི་ཐེ་ནམ་གྱི་རྒྱལ་ས་ཧེ་ནོའེ་ནས་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས། རྒྱ་གར་དང་པཱ་སི་ཐན་གཉིས་གནད་དོན་ཞི་འགྲིག་ཡོང་རྒྱུའི་ཕྱོགས་ལ་སྐྱོད་བཞིན་ཡོད་པ་དང་། ང་ཚོའི་ངོས་ནས་ཀྱང་ཞི་འགྲིག་ནང་ཞུགས་ཏེ་རོགས་འདེགས་བྱས་ཡོད། ཕལ་ཆེར་ཕྱོགས་གཉིས་ཀྱི་དཀའ་རྙོག་རྣམས་སེལ་རྒྱུའི་མཐའ་ལ་སླེབས་གྲབས་ཡོད། ཅེས་བརྗོད་འདུགཁ་སང་པཱ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁཱན་གྱིས་ཡུལ་དེའི་གྲོས་ཚོགས་ནང་གཏམ་བཤད་སྤེལ་སྐབས། པཱ་ཀི་སི་ཐན་ལ་ཕྱི་ནས་ཉེན་ཁ་ཡོང་བའི་སྐབས་འདིར་ཁ་གཏད་ཚོགས་པ་ཚང་མས་གཅིག་སྒྲིལ་བྱས་པ་དེར་ངས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ང་རང་སྲིད་བློན་དུ་འོས་འདེམས་མ་བྱུང་སྔོན་ནས་གལ་ཏེ་རྒྱ་གར་གྱིས་ང་ཚོའི་ཕྱོགས་ལ་གོམ་པ་གཅིག་སྤོས་ཚེ། ང་ཚོས་ཁོ་ཚོའི་ཕྱོགས་ལ་གོམ་པ་གཉིས་སྤོ་རྒྱུ་ཡིན་པ་བརྗོད་ཡོད། ང་ཚོས་ནམ་ཡང་ཕན་ཚུན་གྱི་དཀའ་རྙོག་རྣམས་གྲོས་མོལ་གྱི་ཐོག་ནས་ཐག་གཅོད་བྱེད་དགོས་པ་གལ་གནད་དུ་མཐོང་གི་ཡོད། ངས་ཕྱི་ཟླ་ ༢ ཚེས་ ༢༦ ཉིན་གསལ་བསྒྲགས་བྱས་ཡོད་ལ། སྲིད་བློན་མུ་དྷི་ལ་ཡང་འཕྲིན་ཡིག་ཅིག་བསྐུར་ཏེ། ང་ཚོའི་ཕྱི་སྲིད་བློན་ཆེན་གཉིས་ཐུག་འཕྲད་བྱས་ཏེ་ད་ལྟའི་དཀའ་རྙོག་སེལ་ཐབས་བྱེད་དགོས་སྐོར་བརྗོད་ཡིན། ཡིན་ན་ཡང་བརྡ་ལན་ཡག་པོ་ཞིག་སྤྲད་མ་སོང་། ཁོང་ཚོས་བརྡ་ལན་གསལ་པོ་མ་སྤྲད་པའི་རྒྱུ་མཚན་ནི་རྒྱ་གར་གྱི་རྒྱལ་ཡོངས་འོས་བསྡུ་ལ་ཐུག་ཡོད་པས་ཡིན་སྲིད་སྟབས། ང་ཚོས་འོས་བསྡུའི་རྗེས་ནས་འབྲེལ་ལམ་འཛུགས་རྒྱུ་བྱས་པ་ཡིན། ཞེས་བརྗོད་འདུགཉེ་སྔོན་གྱི་གཏོར་རྒོལ་དོན་རྐྱེན་སྐོར་ལ་ཁོང་གིས། པུལ་ཝ་མའི་དོན་རྐྱེན་དེར་པཱ་ཀི་སི་ཐན་གཞུང་དང་རྩ་བ་ནས་འབྲེལ་བ་མེད་པ་དང་། དོན་རྐྱེན་དེའི་རྗེས་ང་ཚོས་རྒྱ་གར་གཞུང་ལ་དེ་དང་འབྲེལ་བའི་གནས་ཚུལ་རྣམས་པཱ་ཀི་སི་ཐན་ལ་མཁོ་སྤྲོད་བྱས་ཚེ། པཱ་ཀི་སི་ཐན་གྱིས་དེར་མཐུན་གྱི་ཐག་གཅོད་ཅིག་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་ཀྱང་། རྒྱ་གར་གྱིས་དེ་རིང་གཞི་ནས་གསང་བའི་ཡིག་ཆ་ཁག་སྤྲོད་ཀྱི་ཡོད་པ་རེད། ཁོ་ཚོས་ཉིན་གཉིས་སྔོན་ལ་པཱ་ཀི་སི་ཐན་ལ་གཏོར་རྒོལ་བཏང་སྟེ་དེ་རིང་གསང་བའི་ཡིག་ཆ་རྣམས་སྤྲོད་ཀྱི་ཡོད་པ་རེད། མདོར་བསྡུས་ན། རྒྱ་གར་གྱི་བྱེད་སྟངས་དེ་དག་ཚང་མ་འོས་བསྡུའི་ཆེད་དུ་རེད། ཅེས་དང་། རྒྱ་གར་གྱིས་ང་ཚོའི་ས་ཐོག་ལ་གཏོར་རྒོལ་བྱས་ཡོད་ཀྱང་སུ་གང་ལ་ཡང་རྨས་སྐྱོན་བྱུང་མེད་པར་བརྟེན། ང་ཚོས་གནས་སྟངས་དེ་ཛ་དྲག་ཏུ་མི་འགྱུར་བའི་ཆེད་དུ་ཕར་རྒོལ་བྱས་མེད་པ་རེད། འོན་ཀྱང་ཕྱི་ཚེས་ ༢༧ ཉིན་ང་ཚོའི་མཁའ་དམག་གིས་རྒྱ་གར་གྱི་ས་སྟོང་ལ་འབར་རྫས་གཡུགས་པ་རེད། དེ་ལྟར་བྱེད་དགོས་དོན་ནི། ང་ཚོ་དམག་ལ་ཞུགས་རྒྱུའི་འདོད་པ་མེད་མ་གཏོགས་ཕར་རྒོལ་བྱེད་རྒྱུའི་ནུས་པ་ཡོད་པ་དེ་སྟོན་ཆེད་དུ་ཡིན། ཞེས་བརྗོད་འདུག

ཡང་སྲིད་བློན་ཨིམ་རན་ཁཱན་གྱིས། ད་ལྟའི་དཀའ་རྙོག་དེ་མཐར་གཏུག་ན་ཀཱ་ཤི་མིར་ལ་ཐུག་ཡོད་པས། རྒྱ་གར་གྱི་མི་མང་རྣམས་ཀྱིས་འདས་པའི་ལོ་ ༤ ནང་ཀཱ་ཤི་མིར་ནང་འདི་ལྟ་བུའི་དཀའ་རྙོག་བསྟུད་མར་བྱུང་དགོས་དོན་གང་ཡིན་ལ་བསམ་བློ་གཏོང་དགོས། རང་ལོ་ ༡༩ ཡིན་པའི་ཀཱ་ཤི་མིར་གྱི་ན་གཞོན་ཞིག་གིས་རང་གི་ལུས་ལ་འབར་རྫས་བཏགས་ཏེ་རང་སྲོག་གཅོད་དགོས་དོན་གང་ཡིན་ནམ། ཀཱ་ཤི་མིར་གྱི་མི་མང་རྣམས་ཀྱིས་ཁ་གཅིག་གྲགས་ཀྱི་སྒོ་ནས་རང་དབང་དགོས་པའི་འབོད་སྒྲ་འདོན་དགོས་དོན་གང་རེད། ངས་བལྟས་ན། རྒྱ་གར་གྱིས་ཀཱ་ཤི་མིར་གྱི་མི་མང་རྣམས་ལ་བཙན་གནོན་འདི་ལྟ་བུ་བྱས་ཚེ། རང་དབང་གི་སྐད་འབོད་དེ་ཇེ་མཐོར་འགྲོ་རྒྱུ་ལས་ཞི་མི་སྲིད་པ་ཡིན། ཞེས་དང་། ངས་དེ་རིང་སྡིངས་ཆ་འདིའི་སྟེང་ནས་སྲིད་བློན་མུ་དྷི་ལ། རྒྱ་གར་གྱིས་ད་ལྟའི་གནས་སྟངས་དེ་ཛ་དྲག་ཆེ་རུ་མ་གཏོང་རོགས་ཞུ་རྒྱུ་ཡིན། གལ་ཏེ་རྒྱ་གར་གྱིས་ད་དུང་པཱ་ཀི་སི་ཐན་ཐོག་དམག་གི་བྱ་འགུལ་སྤེལ་ཚེ། པཱ་ཀི་སི་ཐན་གྱིས་དེར་ཕར་རྒོལ་མི་བྱེད་ཀ་མེད་རེད། ཅེས་བརྗོད་འདུགཉེ་སྔོན་ཕྱི་ཟླ་ ༢ ཚེས་ ༡༤ ཉིན་རྒྱ་གར་ཇམ་མུ་དང་ཀཱ་ཤི་མིར་མངའ་སྡེའི་པལ་ཝ་མང་རྫོང་ཁོངས་ཀྱི་རྒྱལ་ལམ་ཐོག་རང་ཤི་གཏོར་རྒོལ་གྱི་དོན་རྐྱེན་ཚབས་ཆེན་བྱུང་སྟེ། ཉུང་མཐར་རྒྱ་གར་གྱི་དམག་མི་ ༤༠ ཙམ་རྐྱེན་འདས་སུ་བཏང་བར་བརྟེན། རྒྱ་གར་གཞུང་གིས་པཱ་ཀི་སི་ཐན་ནང་རྟེན་གཞི་བྱས་པའི་ཇེ་ཤི་ཨི་མོ་ཧཱམ་ཌི(Jaish-e-Mohammed)ཞེས་པ་དེས་གཏོར་རྒོལ་བཏང་བ་ཡིན་སྐོར་བསྒྲགས་ཏེ། ཕྱི་ཚེས་ ༢༦ ཉིན་གྱི་ཞོགས་སྔ་ཆུ་ཚོད་ ༣།༣ ཐོག་རྒྱ་གར་མཁའ་དམག་གིས་པཱ་ཀི་སི་ནང་ཡོད་པའི་དྲག་སྤྱོད་ཚོགས་པ་དེའི་དམག་སྦྱོང་ལྟེ་གནས་ཤིག་ཏུ་མཁའ་ཐོག་གཏོར་རྒོལ་བཏང་སྟེ་འཁོན་ལན་སྤྲད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་།  ཕྱི་ཟླ་ ༢ ཚེས་ ༢༦ ཉིན་པཱ་ཀི་སི་ཐན་མཁའ་དམག་གིས་ཀྱང་རྒྱ་གར་གྱི་ས་ཐོག་ལ་འབར་རྫས་གཡུགས། རྒྱ་གར་གྱིས་པཱ་ཀི་སི་ཐན་རྒྱལ་སྤྱིའི་མཁའ་འགྲུལ་སྒྲིག་ཁྲིམས་དང་འགལ་ཡོད་པ་མ་ཟད། རྒྱ་གར་གྱི་མཁའ་ཐོག་ལ་དམག་གི་བྱ་འགུལ་སྤེལ་བར་བརྗོད་དེ། རྒྱ་གར་གྱི་མཁའ་དམག་གནམ་གྲུ་གཉིས་ཀྱིས་ཕར་རྒོལ་བྱས་ཡོད་ཀྱང་།སྟབས་མ་ལེགས་པར་པཱ་ཀི་སི་ཐན་མཁའ་དམག་གིས་རྒྱ་གར་གྱི་འཐབ་འཁྲུག་གནམ་གྲུ་གཉིས་གས་འཐོར་དུ་བཏང་བའི་གནས་ཚུལ་ཐོན་པ་མ་ཟད། གཅིག་པཱ་ཀི་སི་ཐན་གྱི་ས་ཐོག་ཏུ་ལྷུང་སྟེ། ཁ་ལོ་བ་ཨ་བྷི་ནན་དྷན་ཝར་ཐ་མཱན་འཇུ་བཟུང་བྱས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༣/༠༢

Leave a Reply