ལྐོག་ཟ་རུལ་སུངས་བ་ཐེར་འདོན་བྱས་ཡོད་ཟེར།

ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་ཟེར་བའི་བྱ་འགུལ་ཁྲོད་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་རྒྱལ་ཡོངས་ནང་མི་གྲངས་འབུམ་༦ ལྷག་དང་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་ནས་མི་གྲངས་ ༡༡༡༤ ལ་ཉེས་ཆད་བཅད་ཡོད་སྐོར་བསྒྲགས་འདུགཟླ་འདིའི་ཕྱི་ཚེས་ ༡ ཉིན། རྒྱ་ནག་གཞུང་འབྲེལ་ཀྲུང་གོའི་བོད་ལྗོངས་དྲ་བ་ཞེས་པའི་ནང་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༨ ལོར་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་རྒྱ་ནག་གཞུང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་ཟེར་བའི་བྱ་འགུལ་གྱི་གྲུབ་དོན་ཡོངས་བསྒྲགས་བྱས་པའི་ནང་། བོད་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་ངན་པ་ཚར་གཅོད་བྱེད་པར་མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། མི་གྲངས་སྟོང་ ༡༡༡༤ ལ་ཉེས་ཆད་དང་མི ༣༤ ཞིབ་བཤེར་བྱས་ཏེ་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད་སྐོར་བསྒྲགས་འདུག

གནད་དོན་དེའི་ཐད་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་དྲུང་ཆེ་གཞོན་པ་ཐེན་ཧྲེང་ཝེའེ་ཟེར་བས། ཕྱི་ལོ་ ༢༠༡༨ ལོར་བོད་ལྗོངས་ཀྱིས་བློ་སེམས་བརྟན་པོའི་ངང་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། ལྟ་སྐུལ་ཞིབ་བཤེར་དང་ཞིབ་བཤེར་བརྟག་དཔྱད་ཀྱི་འགན་ནུས་གཞི་རིམ་ལ་ཕྱོགས་ཡོད་པ་དང་། གནད་དོན་དེའི་ཁྲོད་གཏན་འབེབ་དོན་ཚན་བརྒྱད་དང་འགལ་བའི་མི་གྲངས་ ༡༨༧ ལ་ཞིབ་བཤེར་ཐག་གཅོད་བྱས་ཡོད་པ་དང་། དེ་དག་གི་ཁྲོད་ནས་མི་གྲངས་ ༡༤༧ གྱི་མིང་དངོས་སུ་བཏོན་ནས་ཁྱབ་བསྒྲགས་དང་ཐེར་འདོན་བྱས་ཡོད་སྐོར་སོགས་བརྗོད་འདུག

ཡང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་དྲིལ་བསྒྲགས་འགན་འཛིན་ཀྲང་ཀྲིན་ཡུང་ཟེར་བ་ཞིག་གིས། ལོ་འདིར་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་མགོ་འཁྲིད་ནས་གཞན་སྐྱོན་མ་བཅོས་སྔོན་ལ་རང་སྐྱོན་བཅོས་དགོས་པའི་ཆོད་སེམས་གང་ལེགས་མཚོན་ཆེད། སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་དམ་དྲག་བྱས་ཏེ། ལོ་འདིར་སྒྲིག་ཁྲིམས་ཞིབ་བཤེར་གྱི་ལྟ་ཞིབ་ལས་བྱེད་ ༨ ལ་ཉེས་ཆད་བཅད་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་སྟག་དང་སྦྲང་མ་མཉམ་རྡུང་གི་ལས་འགུལ་ཟེར་བ་སྤེལ་ཏེ། རྒྱ་ནག་གི་ས་ཁུལ་གང་སར་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་ཟེར་བའི་ལས་འགུལ་སྤེལ་ཡོད་ཀྱང་། བོད་ཁུལ་གཙོའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ནང་ལས་འགུལ་དེའི་ངོ་བོ་འདྲ་ཡི་མེད་པ་དང་། བོད་དང་ཤིན་ཅང་སོགས་ཀྱི་ནང་ཁ་བྲལ་ལ་ངན་འབྲེལ་དང་ཐལ་སྤྱོད་རིང་ལུགས་པར་ངན་འབྲེལ་ཟེར་བ་སོགས་ལ་ཆེད་དམིགས་འཐབ་རྩོད་བྱེད་ཀྱི་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༢ པ་ནང་ལྷ་སར་ཚོགས་པའི་བོད་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་དང་བཀོད་འདོམས་ཟེར་བའི་སྟེང་། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་མགོ་འཁྲིད་ཡེ་ཤིན་ཟེར་བས་བོད་ནང་དུ་ངོ་གཉིས་ཅན་གྱི་མི་ཡོད་པ་དང་། དེ་དག་གིས་དམར་ཤོག་གཞུང་ལ་བློ་དཀར་ཡིན་ཚུལ་གྱིས་ལྐོག་ཏུ་ཏཱ་ལའི་ཁ་བྲལ་བ་དང་མཉམ་འབྲེལ་ལས་ཀ་བྱེད་ཀྱི་ཡོད་པས། ཕྱི་ལོ་ ༢༠༡༨ ལོར་ལྷ་སའི་ནང་ཏང་ཡོན་ཆོས་ལུགས་ཆོ་ག་བྱེད་མཁན་དང་གཞུང་གི་ལམ་ལུགས་ལ་གཏོར་བཤིག་བཏང་མཁན་ཟེར་བ་ ༡༥༠ རྩད་གཅོད་བྱུང་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་བོད་མི་ཚོར་ལྐོག་ཟ་རུལ་སུངས་བྱེད་མཁན་ལས་བྱེད་ཚོ་ཐེར་དགོས་པ་དང་ཐེར་འདོན་བྱེད་མཁན་ལ་བྱ་དགའ་ཡོད་སྐོར་སོགས་བསྒྲགས་ཡོད་ཀྱང་། ཕྱི་ལོ་ ༢༠༡༨ ལོར་མགོ་ལོག་དགའ་བདེ་རྫོང་ནས་ཡིན་པ་ཨ་ཉ་སེང་སྒྲ་ལགས་ཀྱིས་ས་གནས་སྲིད་གཞུང་གི་ལྐོག་ཟ་རུལ་སུངས་ཐེར་འདོན་བྱས་པར་སྲིད་གཞུང་ལ་ངོ་ལོག་བྱས་སྐོར་བརྗོད་ནས་འཛིན་བཟུང་གིས་ད་ལྟ་ད་དུང་བཀག་ཉར་འོག་བཞག་ཡོད་པ་སོགས་བོད་མི་ཚོས་རུལ་སུངས་ཐེར་འདོན་ནི་སྲིད་གཞུང་ལ་ངོ་ལོག་བྱས་པ་ཞིག་ཏུ་ཆགས་ཀྱི་ཡོད་པ་རེད།

ད་ལོའི་ཕྱི་ཟླ་ ༡ ཚེས་ ༩ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཕྱི་ལོ་ ༢༠༡༨ ལོའི་རྒྱལ་ཡོངས་ཀྱི་ལྐོག་ཟ་རུལ་སུངས་དང་། གཞུང་གི་ལམ་ལུགས་གཏོར་བཤིག་གཏོང་མཁན་སོགས་འཛིན་བཟུང་ཞིབ་བཤེར་དང་། ཁྲིམས་ཆད་ཕོགས་པའི་མགོ་འཁྲིད་དང་ལས་བྱེད་མི་སྣའི་གྲངས་ཐོ་ཟེར་བ་ཞིག་བཏོན་ཡོད་པ་ལྟར་ན། འདས་ལོར་ལྐོག་ཟ་རུལ་སུངས་བ་དང་སྒྲིག་འགལ་བ་མི་གྲངས་འབུམ་ ༦ (༦༢༡༠༠༠)ལྷག་ལ་ཉེས་ཆད་བཅད་ཡོད་པ་དང་། དེའི་ཁྲོད་མི་གྲངས་ས་ཡ་ ༥ (༥༢༦༠༠༠)ལྷག་ལ་ཏང་གི་སྒྲིག་གཞིའི་ཁྲིམས་ཆད་བཅད་ཡོད་པ་དང་། དེ་དག་གི་ཁྲོད་ཞིང་ཆེན་རིམ་པའི་མགོ་འཁྲིད་ ༥༡ དང་། ས་ཁུལ་རིམ་པའི་མགོ་འཁྲིད་དང་ལས་བྱེད་ ༣༥༠༠ ། རྫོང་རིམ་པའི་མགོ་འཁྲིད་དང་ལས་བྱེད་ ༢༦༠༠༠། ཡུལ་ཚོ་རིམ་པའི་མགོ་འཁྲིད་ ༩༡༠༠༠། སྤྱིར་བཏང་གི་ལས་བྱེད་པ་ ༡༡༡༠༠༠ དང་གྲོང་གསེབ་ལས་བྱེད་དང་ཁེ་གཉེར་མི་སྣ་སོགས་མི་གྲངས་ ༣༩༠༠༠༠ ཡོད་སྐོར་བསྒྲགས་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༣/༠༢

Leave a Reply