ཧྭ་ཝེ་ཡི་ཤུགས་ཚད་ ༥ པའི་སྐུད་མེད་དྲ་ལམ་དང་པོ་ལྷ་སར་བཙུགས།

རྒྱལ་སྤྱིའི་ཐོག་གླེང་རྙོག་ཆེ་བའི་རྒྱ་ནག་ཧྭ་ཝེ་འཕྲུལ་རིག་ཚན་རྩལ་བཟོ་ཚོང་ཁང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཤུགས་ཚད་ ༥ པའི་སྐུད་མེད་དྲ་ལམ་གྱི་རྟེན་གཞི་གསུམ་འཛུགས་སྐྲུན་བྱེད་བཞིན་ཡོད་འདུགཁ་སང་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཧྭ་ཝེ་འཕྲུལ་རིག་ཚན་རྩལ་བཟོ་ཚོང་ཁང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཤུགས་ཚད་ ༥ པའི་སྐུད་མེད་དྲ་ལམ་(5G network) གྱི་ཆེས་ཐོག་མའི་རྟེན་གཞི་གསར་པ་གསུམ་འཛུགས་ཀྱི་ཡོད་པ་ལྟར། ཉིན་ཤས་སྔོན་ཏེ་ཕྱི་ཚེས་ ༢༧ ཉིན་སྐུད་མེད་དྲ་ལམ་གྱི་རྟེན་གཞི་གཅིག་བཟོ་སྐྲུན་གྲུབ་སྟེ་བཀོལ་སྤྱོད་བྱེད་མགོ་བརྩམས་ཡོད་པ་དང་། མ་འོངས་པར་རིམ་པས་གྲོང་གསེབ་ཁག་ཏུ་ཡང་བཙུག་སྟེ་ཞིང་འབྲོག་མང་ཚོགས་ཀྱིས་དེང་རབས་ཀྱི་མྱུར་ཚད་མཐོ་བའི་དྲ་ལམ་སྤྱོད་ཐུབ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

འདས་ལོ་ནས་བཟུང་རྒྱལ་སྤྱིའི་ཁྱོན་ཡོངས་ནང་ཧྭ་ཝེ་ཡིས་རྒྱལ་སྤྱིའི་ཚོང་འབྲེལ་སྒྲིག་ཁྲིམས་ལ་རྩིས་མེད་དང་། ཨ་རི་སོགས་རྒྱལ་ཁབ་གཞན་གྱི་ཚན་རྩལ་རྐུ་འཁྱེར་བྱས་པའི་གླེང་རྙོག་རིམ་པར་ཐོན་ཡོད་པ་མ་ཟད། བཟོ་ཚོང་ཁང་དེས་གསར་དུ་བཟོས་པའི་ཤུགས་ཚད་ ༥ པའི་སྐུད་མེད་དྲ་ལམ་དེ་འཛམ་གླིང་ཐོག་ཁྱབ་བསྒྲགས་ཤུགས་ཆེན་བྱས་ཏེ། ཁྲོམ་རའི་ནང་དངོས་སུ་བཀྲམས་ཏེ་རྒྱལ་ཁབ་མང་པོའི་ནང་བཀོལ་སྤྱོད་བྱེད་མགོ་བརྩམས་ཡོད་ཀྱང་། ཨ་རི་དང་། ཁ་ན་ཌ། ཨོ་སི་ཊོ་ལི་ཡ། ནེའུ་ཛི་ལེན་ཌི་སོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་སྲུང་ལ་ཉེན་ཁ་འབྱུང་སྲིད་པའི་དོགས་ཟོན་འོག་བཀག་སྡོམ་བྱས་ཡོད་པ་དང་། རྒྱ་གར་གྱིས་བཀོལ་སྤྱོད་བདེ་འཇགས་སོགས་ཀྱི་ཐོག་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་འདུག

ང་ཚོས་དུས་རྒྱུན་སྤྱོད་བཞིན་པའི་ཤུགས་ཚད་ ༤ པའི་དྲ་ལམ་གྱི་མྱུར་ཚད་དེ་སྐར་ཆ་རེར་ཨེམ་བྷི་ ༡༠༠ (100MBps) ཡིན་ཡང་། ཤུགས་ཚད་ ༥ པའི་དྲ་ལམ་གྱི་མྱུར་ཚད་དེ་སྐར་ཆ་རེར་ཇི་བྷི་ ༡༠ (10GBps) ཡན་ཡིན་ཡང་། བཀོལ་སྤྱོད་ཀྱི་ཁོར་ཡུག་གི་ཆ་ནས་མྱུར་ཚད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་ལུགས་དང་། བོད་ཀྱི་ར་ལྷ་སར་བཙུགས་པའི་ཤུགས་ཚད་ ༥ པའི་དྲ་ལམ་གྱི་མྱུར་ཚད་དེ་སྐར་ཆ་རེར་ཨེམ་བྷི་ ༥༣༠ (530MBps) ལྷག་ཡིན་ལུགས་བརྗོད་འདུག

དེ་སྔོན་དབྱིན་ཡུལ་ནང་ཤུགས་ཚད་༥ པའི་སྐུད་མེད་དྲ་ལམ་ཚོད་ལྟ་བྱེད་སྐབས། མྱུར་ཚད་སྐར་ཆ་རེར་ཊི་བྷི་ ༡ (1TBps) ཙམ་ལ་ཐོན་པ་ཡང་བྱུང་ཡོད་པ་དང་། དེ་ནི་ད་ལྟའི་དྲ་ལམ་མྱུར་ཚད་ལས་ལྡབ་ཁྲི་གཅིག་གིས་མྱུར་བ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༣/༠༢

Leave a Reply