ཏུར་ཀེ་གཞུང་གི་སྐྱོན་བརྗོད་ལ་ཉེན་བརྡ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་ཐོག་ཏུར་ཀེའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གཞུང་གིས་ཡུ་གུར་བ་ས་ཡ་ ༡ ལྷག་བཙོན་འཇུག་གིས་མནར་གཅོད་གཏོང་བཞིན་པར་སྐྱོན་བརྗོད་བྱས་པར་བརྟེན་རྒྱ་ནག་གཞུང་གིས་ཚོང་འབྲེལ་ཉེན་བརྡ་བཏང་འདུགམཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ་ཐེངས་ ༤༠ པ་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༥ ནས་ཟླ་འདིའི་ཕྱི་ ཚེས་ ༢༢ བར་འཚོགས་བཞིན་ཡོད་པ་དང་། ཁ་སང་ཚོགས་འདུའི་ཐོག་ཏུར་ཀེའི་ (Turkey) ཕྱི་སྲིད་བློན་ཆེན་ མེག་ལོ་ཀཱ་ཝུ་སོག་ལོ་(Mevlut Cavusoglu) ཡིས། རྒྱ་ནག་གཞུང་གིས་ཡུ་གུར་བ་ཚོ་དུས་ངེས་མེད་ལ་བཙོན་འཇུག་གིས་མནར་གཅོད་དང་། བཙན་གྱིས་ཆབ་སྲིད་དང་རྒྱལ་ཞེན་གྱི་སློབ་གསོ་སྤྲོད་བཞིན་པར་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཆོས་དད་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་ཡོད་འདུག་ལ། ཉེ་སྔོན་ཏུར་ཀེ་མི་མང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་བྱས་ཡོད་ཀྱང་། ཏུར་ཀེ་གཞུང་ཕྱོགས་ནས་སྡིངས་ཆ་ཆེན་པོའི་ཐོག་ནས་རྒྱ་ནག་གཞུང་ལ་ཁ་ཆེ་བ་ས་ཡ་ ༡ ལྷག་བཙོན་འཇུག་བྱས་པའི་གནད་དོན་དང་འབྲེལ་ནས་སྐྱོན་བརྗོད་བྱས་པ་ཐེངས་དང་པོ་དེ་ཆགས་ཡོད་འདུག

རྒྱལ་སྤྱིའི་ཚོགས་སྡེ་དང་གནད་ཡོད་མི་སྣ་མང་པོས་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེ་བ་ཚོའི་ཆོས་དད་རང་དབང་དང་། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་ནས་བཙོན་འཇུག་མནར་གཅོད་གཏོང་གི་ཡོད་པའི་གནས་ཚུལ་ངོས་ལེན་བྱས་མེད་པ་མ་ཟད། ཤིན་ཅང་ཁུལ་གྱི་འཇིགས་སྐུལ་དྲག་སྤྱོད་པ་དང་། རྒྱལ་ཁབ་ཁ་བྲལ་བ་སོགས་ལ་ཆབ་སྲིད་སློབ་གསོ་སྤྲོད་སའི་བསྒྱུར་བཅོས་ཁང་དེ་དག་སྒོ་བརྒྱབས་ཟིན་པ་དང་། གནད་དོན་དེར་ཐེ་བྱུས་བྱེད་པ་ནི་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་བྱུས་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད།

ཁ་སང་པེ་ཅིན་གྱི་ཏུར་ཀེའི་འབྲེལ་མཐུད་པ་ཏུན་ལི (Deng Li) ཡིས། གྲོགས་པོ་ཕན་ཚུན་བར་གོ་ནོར་དང་མི་མཐུན་པ་ཡོང་སྲིད་ནའང་ཕན་ཚུན་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་རེད། རང་ཉིད་ཀྱི་གྲོགས་པོར་གྲོས་ཚོགས་དཀྱིལ་ནས་གང་བྱུང་སྐྱོན་བརྗོད་བྱེད་པ་ནི་ཡར་ཐོན་ཡོང་བའི་ཐབས་ལམ་ཞིག་མ་རེད་ལ། དེས་རྒྱལ་ཁབ་བར་གྱི་ཡིད་ཆེས་དང་བསམ་ཤེས། ཚོང་དོན་དང་དཔལ་འབྱོར་ལ་ལྡོག་ཕྱོགས་ཀྱི་ནུས་པ་འཐོན་གི་རེད། གལ་ཏེ་ཁྱེད་ཀྱི་གྲོགས་པོས་རྟག་ཏུ་མི་མང་དཀྱིལ་དུ་ཁྱེད་ལ་སྐྱོན་བརྗོད་བྱས་ན། ཁྱེད་གཉིས་མུ་མཐུད་འཆམ་མཐུན་ཡོང་གི་རེད་དམ། ཅེས་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༡ ནང་ཏུར་ཀེའི་དཔལ་འབྱོར་བློན་ཆེན་བྷེ་ར་ཨེད་བྷ་རག་ (Berat Albayrak) གིས་རྒྱ་ནག་ལ་ཚོང་འབྲེལ་ཤུགས་ཆེ་རུ་བཏང་ཡོད་ཀྱང་། རྒྱལ་ཁབ་ཀྱི་ཕྱིར་འཚོང་ནི་ནང་འདྲེན་ལས་ཧ་ཅང་ཉུང་སྟབས། རྒྱ་ནག་གཙོས་ཨེ་ཤ་ཡའི་རྒྱལ་ཁབ་འགའ་ཤས་ལ་ཚོང་ཕྱོགས་ནས་བསྐྱར་ཞིབ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག་ལ། འདས་ལོའི་ཏུར་ཀེའི་སྤྱི་ཡོངས་ཀྱི་ཕྱིར་འཚོང་ནི་ནང་འདྲེན་ལས་ཨ་སྒོར་དུང་ཕྱུར་ ༢༧༦ ཙམ་གྱིས་ཉུང་བ་ཡོད་པ་དང་། རྒྱ་ནག་གཅིག་པོར་ཕྱིར་འཚོང་ཨ་སྒོར་དུང་ཕྱུར་ ༡༧༨ ཙམ་གྱིས་ཉུང་བ་ཡོད་འདུག

ཡང་པེ་ཅིན་གྱི་ཏུར་ཀེ་འབྲེལ་མཐུད་པ་ཏུན་ལེ་ཡིས། ཨ་ལི་བྷ་བྷ་ (Alibaba) ཡི་གཙོས་རྒྱ་ནག་གི་ཚོང་གཉེར་ཁང་མང་པོས་ཏུར་ཀེ་ནང་མ་འཛུགས་རྒྱ་བསྐྱེད་བྱ་རྒྱུའི་གོ་སྐབས་འཚོལ་བཞིན་ཡོད་པ་དང་། ཏུར་ཀེ་རྒྱལ་ཁབ་ཀྱི་རྡུལ་ཕྲན་ནུས་ཤུགས་བརྟག་དཔྱད་ཁང་གསུམ་པ་ཞིག་གསར་དུ་ཕྱེ་བར་ཤུགས་སྣོན་རྒྱག་བཞིན་པ་མ་ཟད། ཡུལ་མིའི་ཐོན་རྫས་རྣམས་དྲ་ཐོག་བརྒྱུད་ཕྱིར་འཚོང་བྱེད་པར་གྲོས་གཞི་འདོན་གྱི་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༣/༠༢

Leave a Reply