དངུལ་ཁང་གི་མ་དངུལ་འབོར་ཆེན་རྐུན་མར་ཤོར།

རྒྱ་གར་གྱི་མངའ་སྡེ་དངུལ་ཁང་ཆེན་མོའི་(State Bank of India)་ལས་བྱེད་དང་རྐུན་མ་ལག་འབྲེལ་བྱས་ཏེ་གཏན་འཇགས་མ་དངུལ་དང་གཏའ་མར་བཞག་པའི་རྒྱུ་དངོས་འབོར་ཆེན་རྐུན་མར་ཤོར་འདུག་ཟེར།རྒྱ་གར་གྱི་གནས་ཚུལ་ཞིབ་འཇུག་ཐོབ་ཐང་ལས་ཁུངས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན། འདས་པའི་ཟླ་ ༩ ནང་རྒྱ་གར་གཞུང་གི་མངའ་སྡེ་དངུལ་ཁང་ཆེན་མོར་(State Bank of India) ལ་དྲ་ཐོག་འཇབ་རྒོལ་དང་། རྐུན་ཇག་གི་དོན་རྐྱེན་ ༡༨༨༥ བྱུང་བའི་ཁྲོད་ཧིན་སྒོར་དུང་ཕྱུར་ ༧༩།༥༡ ཙམ་རྐུ་འཁྱེར་བྱས་ཡོད་ཅིང་། དོན་རྐྱེན་ཕལ་ཆེར་བ་དངུལ་ཁང་གི་ལས་བྱེད་དང་རྐུན་མ་ལྐོག་འབྲེལ་བྱས་ཏེ་བྱུང་ཡོད་པ་དང་། ད་ལྟའི་ཆར་ཉེན་རྟོག་པས་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་བརྗོད་པ་ལས་རྐུ་འཁྱེར་བྱེད་མཁན་རྩད་གཅོད་ཐུབ་ཡོད་མེད་སོགས་གསལ་པོ་བརྗོད་མི་འདུག

དེ་རིང་རོ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྐུན་ཇག་ལ་ཤོར་བའི་དངུལ་མང་ཆེ་བ་གཏན་འཇོག་བྱས་པའི་མ་དངུལ་དང་གཏའ་མར་བཞག་པའི་རྒྱུ་དངོས་ཡིན་སྟབས། དངུལ་ཁང་གིས་མང་ཚོགས་ལ་གྱོང་གུད་ག་ཚོད་ཅིག་བཟོས་ཡོད་མེད་དྲིས་པར་ལན་འདེབས་བྱས་མེད་ཀྱང་། ཁ་སང་མངའ་སྡེ་དངུལ་ཁང་ཆེན་མོས་རྐུ་འཁྱེར་བྱས་པའི་དངུལ་རྣམས་སླར་གསོ་ཡོང་བར་མ་དངུལ་རྩ་འཛུགས་ཀྱིས་ཐག་གཅོད་ལག་བསྟར་བྱེད་བཞིན་ཡོད། ཅེས་བརྗོད་ཡོད་པ་དང་། རྐུན་མར་ཤོར་བའི་དངུལ་དངོས་རྣམས་དངུལ་དངོས་འབོར་ཆེན་ཡོད་མཁན་རྐྱང་རྐྱང་ཡིན་སྐོར་བརྗོད་འདུག

འདས་ལོའི་ཕྱི་ཟླ་དང་པོ་ནས་གསུམ་པའི་ཚེས་ ༣༡ བར་རྒྱ་གར་ཉེན་རྟོག་པས་པན་ཇབ་རྒྱལ་ཡོངས་དངུལ་ཁང་(Punjab National Bank) ནས་ཨ་སྒོར་དུང་ཕྱུར་ ༢ ལྷག་རྐུ་འཁྱེར་བྱས་པའི་དོན་རྐྱེན་དང་འབྲེལ་ཏེ།  དབུས་དངུལ་ཁང་གི་འགན་འཛིན་ཟུར་པ་དང་ལས་ཐོག་འགན་འཛིན་གཉིས་གཙོ་བོར་གྱུར་བའི་མི་གྲངས་ ༢༢ འཛིན་བཟུང་བྱས་ཡོད་པ་དང་། ཁོང་ཚོ་ངན་པ་ལག་འབྲེལ་བྱས་ཏེ་མི་སྒེར་དང་ཚོགས་སྡེ་ཁག་གི་དངུལ་འབོར་ཆེན་རྐུ་འཁྱེར་བྱས་ཡོད་པའི་ནག་ཉེས་ཕོག་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༣/༠༢

Leave a Reply