སྤྱན་རས་གཟིགས་ཀྱི་སྐུ་བརྙན་གཏོར།

རྒྱ་ནག་དབུས་གཞུང་གིས་འཛམ་གླིང་གི་སྤྱན་རས་གཟིགས་ཀྱི་སྐུ་བརྙན་བྲག་བརྐོས་མ་མཐོ་ཤོས་སུ་གྲགས་པ་ཞིག་རྩ་གཏོར་གཏོང་དགོས་པའི་བཀའ་ཕབ།
ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྐོར་གྱི་དྲ་རྒྱ་བྷི་ཊར་ཝིན་ཊར་ (Bitter Winter) ནང་། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢ ཉིན། རྒྱ་ནག་ཧུའུ་པའེ་ཞིང་ཆེན་ (Hebei) ནང་གི་མཐོ་ཚད་ལ་སྨི་ ༥༨ ཙམ་ཡོད་པའི་སྤྱན་རས་གཟིགས་ཀྱི་བྲག་སྐུ་ཞིག་ལ་འབར་རྫས་བཞག་སྟེ་རྩ་གཏོར་བཏང་ཡོད་འདུག

ཕྱི་ཟླ་ ༡ ཚེས་ ༣༠ ཉིན། ཧུའུ་པའེ་ཞིང་ཆེན་དང་ཁོངས་གཏོགས་རྫོང་། ས་གནས་བདེ་དོན་དང་ཉེན་རྟོག་རུ་ཁག་བཅས་ཀྱི་ལས་བྱེད་གྲངས་ ༢༠ ལྷག་འཛོམས་ཏེ། བྲག་སྐུ་གཏོར་བར་བཀོད་འདོམས་བྱས་ཡོད་པ་དང་། ཉེ་འཁོར་ལ་བཀག་སྡོམ་བྱས་ནས་གནས་མཇལ་བ་དང་ཡུལ་སྐོར་བ་ཡོང་དུ་བཅུག་མེད་པ་མ་ཟད། སྐུ་བརྙན་ལ་བརྙན་དང་པར་སོགས་ལེན་མི་ཆོག་པའི་བཀའ་རྒྱ་བསྒྲགས་པ་དང་། བྲག་སྐུ་གཏོར་བར་བཀག་འགོག་བྱེད་མཁན་ཡོད་ན་འཛིན་བཟུང་བྱ་རྒྱུ་ཡིན་སྐོར་ཉེན་བརྡ་བཏང་ཡོད་འདུག

སྤྱན་རས་གཟིགས་ཀྱི་བྲག་སྐུ་རྩ་གཏོར་གཏོང་མཁན་ལས་མི་ཞིག་གིས། གཞུང་གི་ཆེད་ལས་པ་སྐུང་འགུག་གིས་བྲག་སྐུ་རྩ་གཏོར་གཏོང་བར་འཆར་གཞི་བཏང་རྗེས། བྲག་སྐུའི་རྨང་ནས་ས་རྡོ་བརྐོས་ཡོད་པ་མ་ཟད། སྐུའི་རྒྱབ་ནས་ཁུང་བུ་ཟབ་ཚད་ལ་སྨི་ ༢༠ བརྐོས་ཏེ་ཉིན་ ༢ རིང་གྲ་སྒྲིག་བྱས་རྗེས། ཕྱི་ཚེས་ ༢ ཉིན་འགད་རྫས་བཞག་ནས་སྐུ་སྟོད་ཡོངས་སྐར་ཆ་འགའི་ནང་གཏོར་ཡོད་སྟབས། ད་ནི་མཐོ་ཚད་སྨི་ ༦༠ ཙམ་ཡོད་པའི་བྲག་སྐུ་དེ་ཞལ་ངོའང་མི་ཟིན་པར་གྱུར་ཡོད་པ་རེད། ཅེས་བརྗོད་འདུག

ཡང་ས་གནས་ཀྱི་གྲོང་མི་ཞིག་གིས། དུས་ཆེན་ཁག་དང་གུང་གསེང་སྐབས་ཉིན་རེར་མི་གྲངས་ཁྲི་ ༡ ལྷག་གནས་ཆེན་འདིར་ཡོང་གི་ཡོད་པ་རེད་ལ། སྟོན་པར་མཆོད་པ་དང་ཕྱག་འཚལ་བ་ལས་རྒྱ་ནག་དམར་ཤོག་ཚོགས་པར་བསྔགས་བརྗོད་བྱེད་ཀྱི་མེད་པས། དམར་ཤོག་ཚོགས་པ་དགའ་ཡི་མེད་པ་དང་། གལ་སྲིད་ཁྱེད་རང་དམར་ཤོག་ཚོགས་པར་ཡིད་ཆེས་མེད་ཚེ་ཁོང་ཚོས་ཁྱེད་ཀྱི་སྟོན་པའི་སྐུ་བརྙན་རྩ་གཏོར་གཏོང་གི་རེད། ཅེས་བརྗོད་འདུག

བྷི་ཊར་ཝིན་ཊར་ (Bitter Winter) ལ་ཁུངས་ལྡན་གནས་ཚུལ་རག་པ་ལྟར་ན། སྤྱན་རས་གཟིགས་ཀྱི་སྐུ་བརྙན་དེར་འགད་རྫས་བཞག་ནས་གཏོར་དགོས་པ་དབུས་གཞུས་ནས་ཐད་ཀར་ཞིང་ཆེན་ལ་བཀའ་བཀོད་བཏང་བ་ཞིག་ཡིན་འདུག་ལ། སྐུ་སྟོད་གཏོར་ནས་ཉིན་ཤས་རྗེས་རྒྱ་ནག་གཞུང་གིས་ལས་བཟོ་བའི་རུ་ཁག་ཅིག་ལ་བྲག་སྐུའི་སྨད་ཀྱང་ཡོངས་སུ་རྩ་གཏོར་དགོས་པའི་བཀའ་བཏང་ཡོད་འདུགགཞན་ཡང་། བྷི་ཊར་ཝིན་ཊར་ (Bitter Winter) གྱིས་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༠ ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་འདས་པའི་ལོ་དུ་མའི་རིང་ནས་རྒྱ་ནག་ཁྱོན་ཡོངས་ནང་ཡོད་པའི་ཆོས་ལུགས་ཀྱི་སྐུ་བརྙན་རིགས་གཏོར་བཤིག་གཏོང་བའི་བྱ་འགུལ་ཞིག་ལག་བསྟར་བྱེད་བཞིན་ཡོད་པ་དང། ཐ་ན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་ཁོངས་སུ་ཡོད་པའི་ནང་པའི་སྐུ་བརྙན་རིགས་ཀྱང་མེད་པར་བཟོ་བཞིན་ཡོད་པ་ལྟར། རྒྱ་ནག་གི་ཤར་བྱང་ཁུལ་དུ་ཡོད་པའི་ལོ་ལིན་ཞིང་ཆེན་(Liaoning)སྲིད་གཞུང་གིས་བཀའ་རྒྱ་བསྒྲགས་ཏེ། ལོ་ལིན་ཀྲོང་ཧི་(Zhunghe) རྫོང་ཁོངས་སུ་ཡོད་པའི་ལོ་ངོ་ ༡༠༠༠ མ་ཟིན་ཙམ་གྱི་ལོ་རྒྱུས་ལྡན་པའི་སངས་རྒྱས་སྟོང་སྐུའི་བྲག་ཕུག་གི་སྐུ་བརྙན་མང་པོ་གཏོར་བ་དང་། ཏ་ལིན་དུ་ཡོད་པའི་སངས་རྒྱས་ཀྱི་སྐུ་བརྙན་ཆེན་པོ་ཞིག་གྱང་གིས་བསྐོར་ཏེ་མཇལ་རྒྱུ་མེད་པ་བཟོས་པ། དེ་བཞིན་ཧུའུ་པའེ་ཞིང་ཆེན་(Hubei)གྱི་ཀང་ཧེ་(Guangshui) གྲོང་འཁྱེར་གྱི་ཙུ་ཧྲི་(Zushi) དགོན་པའི་སྐུ་བརྙན་རྣམས་རྩ་གཏོར་བཏང་བའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༣/༠༥

Leave a Reply

One thought on “སྤྱན་རས་གཟིགས་ཀྱི་སྐུ་བརྙན་གཏོར།