བོད་རང་བཙན་གྱི་གོམ་བགྲོད་ནེའུ་ཡོག་དང་ནེའུ་ཇར་སི་མངའ་ཁུལ་གྱི་ས་མཚམས་སུ་བསླེབས།

བོད་མི་བདུན་གྱིས་འབོད་ཚིག་གསུམ་དང་མངོན་འདོད་ལྔ་ཡི་འོག་ཨ་རིའི་མངའ་སྡེ་ཧྤི་ལ་ཌལ་ཧྤི་ཡ་ནས་ནེའུ་ཡོག་གྲོང་ཁྱེར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ལས་ཁུངས་བར་བོད་རང་བཙན་གོམ་བགྲོད་གནང་སྟེ་ནེའུ་ཡོག་དང་ནེའུ་ཇར་སི་ས་མཚམས་སུ་འབྱོར་འདུགའདི་ལོར་བོད་མིི་སྒེར་ལངས་བྱུང་སྟེ་ལོ་ངོ་ ༦༠ འཁོར་བ་དང་སྟབས་བསྟུན་ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཨ་རི་དང་ཁ་ན་ཌའི་ནང་གནས་སྡོད་བོད་མི་བདུན་གྱིས། ཨ་རིའི་མངའ་སྡེ་ཧྤི་ལ་ཌལ་ཧྤི་ཡའི་ (Philadelphia) རང་བཙན་ཚོགས་ཁང་གི་མདུན་ཐང་ནས་མགོ་འཛུགས་ཀྱིས། ཨ་རིིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ལས་ཁུངས་བར་བོད་རང་བཙན་གོམ་བགྲོད་གནང་བཞིན་ཡོད་པ་ལྟར། མདང་དགོང་ཧྥི་ལ་ཌལ་ཧྥི་མངའ་སྡེ་ནས་བརྒལ་ཏེ་ད་ལྟ་ནེའུ་ཡོག་དང་ནེའུ་ཇར་སི་ཡི་མངའ་ཁུལ་གྱི་ས་མཚམས་སུ་འབྱོར་འདུག

འདི་གའི་གསར་འགོད་པས་༧སྐུ་ཚ་ཀུན་དགའ་ནོར་བུ་ལགས་སུ་ལས་འགུལ་དེའི་སྐོར་བཀའ་འདྲི་ཞུས་པ་ལྟར་ན། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་བསྟན་པ་ཆབ་སྲིད་ཀྱི་སླད་རང་སྲོག་བློས་བཏང་ཟིན་པའི་བོད་མི་རྣམས་ལ་རྗེས་དྲན་དང་ཆེད་བསྟོད་ཆེད། བོད་རང་བཙན་གོམ་བགྲོད་ཚོགས་ཆུང་གིས་ལས་འགུལ་མང་པོ་གོ་སྒྲིག་བྱས་ཡོད་པའི་ཁྲོད་བོད་རང་བཙན་གོམ་བགྲོད་ནི་གཅིག་ཡིན་ཞིང་། རང་བཙན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་ཞིག་ནི་བོད་ཀྱི་རང་དབང་གི་ཆེད་དུ་བློས་བཏང་ཟིན་པའི་རྒྱལ་གཅེས་དཔའ་བོ་ཚོའི་སྙིང་སྟོབས་གསོན་པོར་ཉར་རྒྱུ་དེ་ཡིན་སྐོར་སོགས་བརྗོད་བྱུང་།

ཡང་ཁོང་གིས་འགྲེལ་བརྗོད་གནང་བ་ལྟར་ན། ཐེངས་འདིའི་རང་བཙན་གོམ་བགྲོད་ལས་འགུལ་ཁྲོད་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས ༡༠ ཉིན་གཙོས་ད་སྔ་བར་བོད་མི་མང་པོས་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ། བཙོན་འཇུག་མནར་གཅོད་དང་རང་ལུས་མེར་སྲེག་བཏང་བ་སོགས་ཀྱི་སྐོར་ལ་ཨ་རིའི་གཞུང་མང་གཉིས་ལ་ཞུ་གཏུག་དང་གོ་རྟོགས་སོགས་སྤེལ་བཞིན་ཡོད་པ་དང་། དེ་ཡང་ཁོང་ཚོས་གོམ་བགྲོད་ཀྱི་ལམ་བར་ནས་མི་མང་གི་མཚན་རྟགས་བསྡུ་རུབ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་ནག་དོན་གཅོད་ཁང་། དེ་བཞིན། རྒྱ་གར་དང་བལ་ཡུལ་གྱི་གཞུང་ཚབ་མི་སྣར་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་བྱ་རྒྱུ་ཡིན་པ་མ་ཟད། འདི་ལོའི་ལོ་མཇུག་ཏུ་ཐེངས་འདིའི་བོད་རང་བཙན་གོམ་བགྲོད་ཀྱི་ལས་འགུལ་སྐོར་ལ་སྙན་ཐོ་ཞིག་བྲིས་ཏེ། ཨ་རིའི་མངའ་སྡེ་མཐུན་ཚོགས་ཀྱི་གཞུང་འབྲེལ་མི་སྣར་འབུལ་ལམ་ཞུ་རྒྱུ་ཡིན་པ་དང་། གཞན་འདི་ལོར་ཨ་རིའི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་བོད་ཀྱི་གསུམ་བཅུའི་དུས་དྲན་སྐོར་གྱི་ལས་འགུལ་སོགས་གོ་སྒྲིག་གནང་འཆར་ཡོད་འདུག

རང་བཙན་གོམ་བགྲོད་པ་རྣམས་ལ་མངོན་འདོད་ ༥ དང་འབོད་ཚིག་ ༣ བཅས་ཡོད་པ་ལས་མངོན་འདོད་ཁག་ནི། གཅིག་རྒྱ་ནག་གིས་བོད་ས་བདག་བཟུང་བྱེད་མཚམས་བཞག་སྟེ་བོད་ཀྱི་བདག་དབང་ཕྱིར་བོད་མི་ཚོར་སྤྲོད་དགོས།

གཉིས་༧པཎ་ཆེན་རིན་པོ་ཆེ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་ཀློད་གྲོལ་གཏོང་དགོས་ཀྱི་ཡོད། གསུམ་ང་ཚོས་ཨ་རིའི་ས་གནས་དང་མངའ་སྡེ། མངའ་སྡེ་མཐུན་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་ཚོར་རེ་སྐུལ་ཞུས་ཏེ། ང་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་གྱིས་བོད་རང་བཙན་བསྐྱར་གསོ་བྱེད་དགོས་ཀྱི་ཡོད། བཞི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དང་རང་དབང་ཅན་གྱི་གསར་འགོད་པ་བོད་ནང་བསྐྱོད་དེ། རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༡༦༤ གཙོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་ཞིབ་འཇུག་བྱེད་དགོས་ཡོད།

ལྔ་རྒྱ་ནག་གིས་དེ་སྔོན་རང་བཙན་ཡིན་པའི་རྒྱལ་ཁབ་བོད་དང་ནང་སོག དེ་བཞིན། ཤར་ཊོར་ཁུ་སི་ཐན་དང་མན་ཆའོ་རེ་ཡ་སོགས་མུ་མཐུད་བཙན་བཟུང་བྱས་བསྡད་ཡོད་ལ། རྒྱ་ནག་གིས་དྲ་རྒྱ་དང་སློབ་མ། ཚོང་འབྲེལ་སོགས་བརྒྱུད་ཨ་རིའི་ཚོང་ཟོག་ཁག་གི་བདག་དབང་རྐུ་འཁྱེར་མུ་མཐུད་བྱེད་བཞིན་ཡོད་པ་མ་ཟད།   ཨ་རིར་གསང་ཉུལ་མངགས་གཏོང་དང་ཆབ་སྲིད་སོགས་ལ་ཐེ་གཏོགས་བྱས་ཏེ་རྒྱལ་སྤྱིའི་བདེ་འཇགས་ལའང་ཉེན་ཁ་བསྐྲུན་བཞིན་ཡོད་པས། ཨ་རིའི་གཞུང་དང་མི་མང་གིས་ངེས་པར་དུ་རྒྱ་ནག་བཙན་རྒྱལ་རིང་ལུགས་ཀྱི་ངན་ཇུས་ལ་དོགས་གཟོན་བྱེད་དགོས་ཡོད་པ་བཅས་རེད།

འབོད་ཚིག་གསུམ་ནི་བོད་རང་བཙན་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་པར་ཤོག རྒྱ་ནག་བོད་ནས་མཐར་སྐྲོད་ཅིག་ཅེས་པ་རེད་འདུགཐེངས་འདིའི་བོད་རང་བཙན་གོམ་བགྲོད་པ་རྣམས་ནི་༧སྐུའི་ཚ་བོ་ཀུན་དགའ་ནོར་བུ་དང་། བསྟན་འཛིན་དབང་འདུས། དོན་འགྲུབ་ལྷ་དར། བློ་དགའ། ནེའུ་ཡོག་ཏུ་གནས་སྡོད་པ་སེང་གེ། ཧྤི་ལ་ཌལ་ཧྤི་ཡ་ནས་ཐུབ་བསྟན་ལགས། ཁེ་ན་ཌ་ནས་སང་ཉི་བསོད་ནམས་བཅས་ཡིན་པ་དང་། གོམ་བགྲོད་ཁྲོད་ས་གནས་ཁག་མི་འདྲ་བ་ནས་མི་མང་གི་མཚན་རྟགས་བསྡུ་རུབ་བྱས་ཏེ་གྲོང་ཁྱེར་དཔོན་པོ་དང་གཞུང་འབྲེལ་ལས་བྱེད། དེ་བཞིན། གྲོས་ཚོགས་འཐུས་མི་སོགས་ལ་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་དང་སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༣/༠༦

Leave a Reply

One thought on “བོད་རང་བཙན་གྱི་གོམ་བགྲོད་ནེའུ་ཡོག་དང་ནེའུ་ཇར་སི་མངའ་ཁུལ་གྱི་ས་མཚམས་སུ་བསླེབས།

  1. འདམ་སྐྱེས།

    དུས་བབ་ནས་མི་ངོ་འདི་དག་གི་སྐུ་པར་གྱི་གཡས་གཡོན་གང་རུང་ནས་མཚན་འདོན་གྱིས་ངོ་སྤྲོད་གནང་ན་ཡག་པོ་འདུག