ཆབ་སྲིད་བཙོན་ཟུར་ངག་དབང་མཁས་བཙུན་ལགས་སྐུ་གྲོངས།

མི་རབས་གསར་པའི་བོད་རང་དབང་བསྐྱར་གསོའི་འཐབ་རྩོད་ཀྱི་ལས་འགུལ་ཐོག་མའི་ནང་མཉམ་ཞུགས་གནང་མཁན་ཚ་བ་དགེ་བཤེས་ངག་དབང་མཁས་བཙུན་ལགས་སྐུ་གྲོངས་ཡོད་འདུགསྐུ་བཅར་རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་ནས་འདི་གར་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ཁ་སང་མཚན་གུང་ཆུ་ཚོད་ ༡།༡༤ ཐོག བོད་ཀྱི་ཆབ་སྲིད་བཙོན་ཟུར་འབྲས་སྤུངས་བློ་གསལ་གླིང་གི་ཚ་བ་དགེ་བཤེས་ངག་དབང་མཁས་བཙུན་ལགས་བསྙུན་མནར་གྱིས་ལྡི་ལིའི་མེག་སེ་ (Max) སྨན་ཁང་དུ་སྐུ་གྲོངས་ཡོད་འདུག

དམ་པ་ཁོང་ནི་སྟོད་ལུང་བདེ་ཆེན་རྫོང་ཁོངས་བདེ་ཆེན་གྲོང་ཚོར་ཡབ་སྲིད་ཆོས་དང་། ཡུམ་བྱམས་པ་དབྱངས་ཅན་གྱི་བུར་ཕྱི་ལོ་ ༡༩༦༦ ལོར་འཁྲུངས་ཤིང་། སློབ་ལོ་སོན་རྗེས་གྲོང་ཚོའི་སློབ་གྲྭ་འགྲིམས་པ་དང་། ཞིང་ལས་ཀྱི་བྱ་བར་རོལ། ཕྱི་ལོ་ ༡༩༨༣ ལོར་ལྷ་ལྡན་འབྲས་སྤུངས་དགོན་དུ་ཆོས་ཞུགས་ཀྱིས་ཆོས་སྤྱོད་སློབ་གཉེར་དང་། གཞུང་ཆེན་མཚན་ཉིད་རིག་པའི་གཞུང་ལུགས་ཁག་ལ་སློབ་གཉེར་གནང་ཞོར་དུ་རིག་གསར་སྐབས་རྒྱ་གཞུང་གིས་གཏོར་བཤིག་བཏང་བའི་དགོན་པ་ཉམས་གསོའི་ལས་ལ་ཞུགས།

ཕྱི་ལོ་ ༡༩༨༧ ཟླ་བ་ ༩ ཚེས་ ༢༧ ཉིན་འབྲས་སྤུངས་ཀྱི་དགེ་འདུན་པས་སྣེ་འཁྲིད་པའི་མི་རབས་གསར་པའི་བོད་རང་དབང་བསྐྱར་གསོའི་འཐབ་རྩོད་ཀྱི་ལས་འགུལ་ཐོག་མའི་ནང་མཉམ་ཞུགས་གནང་སྟེ། ལྷ་སའི་རྒུ་རྩ་བཙོན་ཁང་དུ་ཟླ་བ་བཞི་ལྷག་བཙོན་འཇུག་འོག་སྡུག་སྦྱོང་དཀའ་སྡུག་སྣ་ཚོགས་མྱོང་དགོས་བྱུང་ཡོད་པ་དང་། བཙོན་གྲོལ་ཐོབ་རྗེས་སླར་ཡང་འཐབ་གྲོགས་ཚོ་དང་ལྷན་དུ་བོད་རང་དབང་བསྐྱར་གསོའི་ལས་འགུལ་རིམ་པའི་ནང་མཉམ་ཞུགས་གནང་། དེ་ཡང་འབྲས་སྤུངས་རྡོ་ལྷ་རྒྱལ་མཚན་དང་། ཚོགས་ཆེན་རྡོ་གཅལ་གྱི་དར་ཆེན་ཐོག་ཐེངས་དང་པོར་བོད་ཀྱི་རྒྱལ་དར་བཙུགས་ཡོད་པ་མ་ཟད། བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་ཉེ་འཁོར་དང་། ལྷ་སའི་གླིང་སྐོར་ལམ་སོགས་ས་གནས་གང་སར་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་སོགས་སྦྱར་འགྲེམས་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་མྱོང་ཡོད་འདུག

ཕྱི་ལོ་ ༡༩༩༠ ལོའི་ཟླ་ ༣ རྒྱ་གཞུང་ནས་དེ་སྔོན་བཙོན་དུ་ཚུད་མྱོང་བ་དང་། མུ་མཐུད་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་གནད་དོན་འོག་འབྲས་སྤུངས་ཀྱི་དགེ་འདུན་པ་གྲངས་ ༥༧ དང་ལྷན་དུ་དགོན་པར་སྡོད་མི་ཆོག་པའི་བཙན་བཀའི་འོག་དགོན་པ་ནས་ཕྱིར་ཕུད་བཏང་ཡོད་ན་ཡང་། དམ་པ་ཁོང་གིས་སྔར་བཞིན་སྙིང་སྟོབས་ཞུམ་མེད་དང་། དམ་བཅའ་བརྟན་བཟུང་ཐོག་དངོས་ཤུགས་བརྒྱུད་གསུམ་ནས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྣ་ཚོགས་སྤེལ་བར་བརྟེན། ཕྱི་ལོ་ ༡༩༩༡ ཟླ་བ་ ༤ པར་རྒྱ་གཞུང་ནས་སླར་ཡང་འཛིན་བཟུང་བྱེད་འཆར་ཡོད་པ་ཤེས་རྟོགས་བྱུང་འཕྲལ་ཟླ་དེའི་ཚེས་ ༢༡ ཉིན་འཐབ་གྲོགས་དང་རྒྱལ་གཅེས་པ་མང་དག་ཅིག་གི་རྒྱབ་སྐྱོར་འོག་ཁོང་འཐབ་གྲོགས་གསུམ་དང་ལྷན་དུ་བཙན་བྱོལ་དུ་ཡོང་དགོས་བྱུང་།

ཕྱི་ལོ་ ༡༩༩༡ ལོའི་ཟླ་བ་ ༦ པ་ནས་ལོ་ངོ་གཉིས་རིང་དྷ་ས་རིགས་ལམ་སློབ་གཉེར་ཁང་དུ་བོད་ཀྱི་བརྡ་སྤྲོད་རིག་གནས་ཁག་ལ་སྦྱངས་པ་གནང་ཞིང་། སྐབས་དེར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གསར་བཙུགས་གནང་བའི་ནང་རང་ནུས་གང་ཡོད་ཀྱི་ནུས་ཤུགས་བཏོན་ཡོད་པ་དང་། ཕྱི་ལོ་ ༡༩༩༢ ལོའི་ལོ་མཇུག་ནས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གླིང་ཚ་བ་ཁང་ཚན་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་མཚན་ཉིད་རིག་པའི་གཞུང་ལུགས་ལ་སློབ་གཉེར་མཐར་ཕྱིན་གནང་སྟེ་དགེ་བཤེས་དམ་འཇོག་གནང་བ་དང་། སློབ་གཉེར་གནང་ཞོར་དུ་གྲྭ་ཚང་གི་ཞུ་སྒོའི་ཕྱག་ལས་ཁག་འཐུས་ཚང་ལེགས་བསྒྲུབས་གནང་བ་དང་། དེ་བཞིན་འབྲས་སྤུངས་བདེ་ཡངས་གྲྭ་ཚང་གི་སློབ་གཉེར་བའི་བརྡ་སྤྲོད་རིག་གནས་ཀྱི་སློབ་དགེ་ལོ་ངོ་ལྔ་ཙམ་གནང་བ་སོགས་མདོར་ན། དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོ་བོད་རྒྱལ་ཁབ་དང་། བོད་མི་རིགས། བོད་ཀྱི་ཆོས་དང་རིག་གཞུང་བཅས་ཀྱི་ཞབས་འདེགས་ཐོག་ངོ་གནོང་མི་དགོས་པ་ཞིག་བསྒྲུབས་གནང་ཡོད་འདུག

བསྐྱར་བཅོས།: ༢༠༡༩/༠༣/༠༥

Leave a Reply