ཚོགས་ཆེན་གཉིས་ཀྱི་སྐབས་པེ་ཅིན་གྲོང་ཁྱེར་དུད་སྨུག་གིས་གཡོགས།  

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གཉིས་དང་བསྟུན་མི་མང་གི་འགྲོ་འདུག་སྐྱོད་གསུམ་ལ་དམ་དྲག་དོགས་ཟོན་ཤུགས་ཆེན་བྱེད་བཞིན་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༣ ཉིན་ནས་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་གཉིས་པ་མགོ་འཛུགས་བྱས་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༥ ཉིན་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་སྲིད་གྲོས་ཚོགས་འདུ་མགོ་འཛུགས་ཀྱིས་ཉིན་གྲངས་ ༡༥ རིང་ཚོགས་བཞིན་ཡོད་པ་དང་། ཚོགས་ཆེན་གཉིས་རིང་རྒྱ་ནག་པེ་ཅིན་གྲོང་ཁྱེར་གྱི་མཁའ་དབུགས་འབག་བཙོག་ཤུགས་ཆེན་པོ་ཆགས་ཏེ། ཉེན་ཚབས་ཆེ་ཤོས་ཨང་གཉིས་པར་བསླེབས་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག

ཁ་སང་ཚོགས་ཆེན་གྱི་མཛད་སྒོའི་སྟེང་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བློན་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྒྲོག་སྦྱང་བྱས་ཡོད་པ་དང་། སྙན་ཐོའི་ནང་འདས་ཟིན་པའི་ལོ་གཅིག་ནང་རྒྱ་ནག་གོང་འཕེལ་ཐད་ལོ་མང་རིང་མཐོང་དཀོན་པའི་རྒྱལ་ཁབ་ཕྱི་ནང་གི་རྙོག་འཛིང་དང་གནས་བབ་ཛ་དྲག་པོ་བྱུང་ཡོད་པ་དང་། དཔལ་འབྱོར་ཉམས་ཆག་གི་གནོན་ཤུགས་གསར་པ་བྱུང་ཡོད་ཀྱང་། ཞི་ཅིན་ཕིན་གྱིས་སྲོག་ཤིང་བྱས་པའི་དམར་ཤོག་ཚོགས་པའི་སྲ་བརྟན་མགོ་འཁྲིད་འོག  ཁྲིམས་སྐྱོང་སྲིད་གཞུང་སྣེ་འཁྲིད་དང་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བཅས་བྱུང་ཡོད་སྐོར་སོགས་བརྗོད་འདུག

དེ་བཞིན་སྲིད་བློན་ལི་ཡིས་ཕྱི་ལོ་ ༢༠༡༩ ལོར་གཙོ་གནད་འབུར་དུ་ཐོན་པ་དང་། འགག་གནད་ཁོངས་ཏུ་ཆུད་པ་བྱས་ནས་ལས་དོན་ཁག་བཅུ་དམ་འཛིན་ཡག་པོ་བྱེད་དགོས་སྐོར་བརྗོད་པའི་ཁྲོད། མུ་མཐུད་དཔལ་འབྱོར་སྤྱི་ཁོག་སྙོམ་སྒྲིག་གསར་གཏོད་དང་འཐུས་ཚང་དུ་གཏང་སྟེ། ལུགས་མཐུན་ངང་དཔལ་འབྱོར་འཁོར་རྒྱུག་ཡོང་བ་འགན་ལེན་བྱེད་དགོས་པ་དང་། ཁོར་ཡུག་གཙོ་གནད་དུ་བཟུང་ནས་འབག་བཙོག་ཇེ་ཉུང་དང་ལེགས་སུ་གཏོང་བ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་བྱེད་པའི་ལས་འགན་དང་དཔེ་བསྡུར་བྱས་ནས་དབུལ་སྒྲོལ་འགག་གཏོར་དང་གྲོང་གསེབ་དར་རྒྱས་བརྟན་པོའི་སྒོ་ནས་སྐུལ་སྤེལ་གཏོང་རྒྱུ། གཞན་ཡང་སྲིད་གཞུང་རང་ངོས་ནས་འཛུགས་སྐྱོང་ཡག་པོ་ཡོང་བ་དང་། མི་རིགས། ཆོས་ལུགས། ཕྱིར་སྡོད་རྒྱ་ནག་དང་ཕྱི་ཁོངས་རྒྱ་ནག་གི་ལས་དོན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། ཧོང་ཀོང་དང་ཨའོ་མིན་གྱི་གོང་འཕེལ། མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་སྐོར་བསྒྲགས་འདུག

ལོ་འདིར་རྒྱ་ནག་ལ་ཨ་རྒྱའི་ཚོང་དམག་གི་རྐྱེན་གྱིས་དཔལ་འབྱོར་ཉམས་ཉེས་ཆེན་པོ་བྱུང་ཡོད་པ་དང་། དཔལ་འབྱོར་ཆེད་མཁས་པ་ཚོས་དབྱེ་ཞིབ་ལྟར་ན་ལོ་འདིར་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་སྐྱོ་ཤོས་སུ་ལྷུང་ཡོད་སྐོར་བརྗོད་ཡོད་ཀྱང་། ཚོགས་ཆེན་གཉིས་རིང་ཨ་རྒྱའི་ཚོང་དམག་སྐོར་ལ་དམིགས་བསལ་གང་ཡང་བརྗོད་མེད་པ་དང་། རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ནང་ལེ་ཁེ་ཆང་གིས་ལོ་སྔོན་མར་རྒྱ་ནག་གི་དཔལ་འབྱོར་ལ་ཛ་དྲག་ཆགས་ཡོད་སྐོར་ལས་སྲིད་གྲོས་སྙན་ཐོའི་ནང་ལོགས་སུ་གང་ཡང་བརྗོད་མེད་པ་མ་ཟད། གསར་འགོད་པས་ཚོགས་ཞུགས་པ་མང་པོར་སྐད་ཆ་དྲིས་པར་མང་པོ་ཞིག་གིས་གནད་དོན་དེ་ཐག་ཆོད་པ་ཞིག་མིན་སྐོར་བརྗོད་ནས་ལན་བཏབ་མེད་པ་དང་། ལི་ཁེ་ཆང་གིས་རྒྱ་ནག་གི་ལོ་འདིའི་དཔལ་འབྱོར་དམིགས་ཚད་ ༦ ནས་ ༦.༥ བར་ཡིན་སྐོར་བརྗོད་ཡོད་པ་དང་། དེ་ནི་ཕྱི་ལོ་ ༡༩༩༠ བར་རྒྱ་ནག་གི་དཔལ་འབྱོར་དམིགས་ཚད་ཆེ་སྐྱོ་ཤོས་དེ་ཡིན་འདུག

ཚོགས་འདུ་མགོ་མ་ཚུགས་སྔོན་ལ་ཚོགས་ཆེན་གྱི་གསར་འགོད་མགྲིན་ཚབ་པ་ཀྲང་ཡེ་སུའེ་ཡི་གསར་འགོད་པ་ཚོར་ཚོགས་ཆེན་ངོ་སྤྲོད་དང་འབྲེལ་ནས་ལོ་འདིར་རྒྱ་ནག་གིས་འཐབ་རྩོད་ཀྱི་དམིགས་འབེན་སྐོར་བཤད་སྐབས། རྒྱ་ནག་གིས་ལོ་སྔོན་མར་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། རླུང་ཁམས་ཆེན་མོའི་འབག་བཙོག་འགོག་བཅོས་དང་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོབ། ཁོར་ཡུག་སྲུང་སྐྱོབ་སོགས་འགག་གཏོར་གྱི་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་རྒྱུར་འབད་བརྩོན་བྱས་ཏེ་གྲུབ་འབྲས་ཐོན་ཡོད་སྐོར་བརྗོད་ཡོད་ན་ཡང་། ཐེངས་འདིར་རྒྱ་ནག་པེ་ཅིན་གྲོང་ཁྱེར་གཙོའི་རྒྱ་ནག་གི་མཁའ་དབུགས་འབག་བཙོག་ཤུགས་ཆེན་བྱུང་ཡོད་པ་མ་ཟད། ཚོགས་ཆེན་རིང་པེ་ཅིན་གྲོང་ཁྱེར་གྱི་ནམ་མཁར་སྔོ་ཐིགས་ཙམ་ཡང་མཐོང་རྒྱུ་མེད་པར་དུད་སྨུག་གིས་གཡོགས་ནས་ཡོད་པ་དང་། ཨ་རིའི་སི་ཨན་ཨན་གསར་ཁང་གིས། རྒྱ་ནག་གིས་ནམ་རྒྱུན་ཚོགས་ཆེན་སྐབས་ཆེད་དམིགས་གྲོང་ཁྱེར་ཁག་གི་ནམ་མཁའ་གཙང་བཟོ་བྱེད་ཀྱི་ཡོད་པ་ལྟར། ལོ་འདིར་ཚོགས་ཆེན་མ་ཚོགས་སྔོན་ནས་རླངས་འཁོར་ཇེ་ཉུང་དང་བཟོ་གྲྭ་ཁག་སྒོ་བརྒྱབས་པ་སོགས་བྱས་ཡོད་ཀྱང་ཕན་ཐོགས་བྱུང་མེད་པ་མ་ཟད། མཁའ་དབུགས་འབག་བཙོག་གི་ཉེན་བརྡ་ཨང་གཉིས་པར་བསླེབས་ཡོད་སྐོར་བརྗོད་འདུགདེ་བཞིན་གྷར་དྷིན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཚོགས་ཆེན་རིང་རྒྱ་ནག་ནང་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། ཚོགས་ཆེན་ཚོགས་སའི་ཕྱི་ནང་ཚང་མར་དམག་མིས་ལྟ་སྲུང་དང་ཚོགས་ཆེན་རིང་རང་དབང་ལས་འགུལ་བ་ཚོའི་འགྲོ་འདུག་ལ་དམིགས་བཀར་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་པེ་ཅིན་ནས་ཡིན་པའི་ཁོར་ཡུག་ལས་འགུལ་བ་ཧའོ་ཅཱ(Hu Jia)ལགས་ཕྱི་ཟླ་ ༢ ཚེས་ ༢༦ ཉིན་ནས་རང་ཁྱིམ་དུ་བཟང་བཙོན་འོག་བཅུག་ཡོད་པ་དང་། གཞན་རྒྱ་ནག་གི་སྒྱུ་རྩལ་རི་མོ་བ་ཧཱོ་ཡོན(Hua Yong)ལགས་ཀྱིས་རང་གི་ཊེ་ཊིར་སྤྱི་ཚོགས་དྲ་ལམ་སྟེང། ཚོགས་ཆེན་གཉིས་དང་བསྟུན་སྲིད་གཞུང་གིས་ཁོ་བཟང་བཙོན་འོག་ཏུ་བཅུག་རྒྱུ་ཡིན་པས་དྲ་གྲོགས་ཚོ་བདེ་མོ་ཞེས་བྲིས་ཡོད་འདུག དེ་བཞིན་གནམ་གྲུ་དང་མེ་འཁོར་སོགས་ཀྱི་ནང་འགྲུལ་སྐྱོད་བྱེད་མཁན་སོགས་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། འགྲུལ་བ་ཞིག་གིས་བརྗོད་པ་ལྟར་ན། ཅ་ལག་སོགས་ཞིབ་བཤེར་ཐེངས་ཁ་ཤས་ལ་བྱེད་ཀྱི་ཡོད་པ་དང་། བུད་མེད་ཚོས་དམ་བུའི་ནང་དུ་ཡོད་པའི་ཅ་ལག་རིགས་སོགས་གཏན་ནས་འཁུར་མི་ཉན་སྐོར་བརྗོད་འདུག

འདི་ལོ་རྒྱ་ནག་ལ་མཚོན་ན་ཆབ་སྲིད་ཐད་ནས་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་བྱུང་ནས་ལོ་འཁོར་ ༦༠ དང་། པེ་ཅིན་གནམ་སྡེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ ༣༠ ། རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱས་ཏེ་ལོ་ ༧༠ འཁོར་བ་སོགས་ལོ་རྒྱུས་ཀྱི་དཀའ་རྙོག་མང་པོའི་མགོ་འཛུགས་ས་ལྟ་བུའི་ཚོར་ཤུགས་སྐྱེན་པའི་ལོ་ཞིག་ཆགས་ཡོད་སྟབས། རྒྱ་ནག་གཞུང་གིས་སྔ་ས་ནས་གྲ་སྒྲིག་ཤུགས་ཆེན་བྱེད་བཞིན་ཡོད་འདུག  སྲིད་གྲོས་ཀྱི་ཚོགས་ཆེན་མ་བསླེབས་གོང་དུ་རྒྱ་ནག་གི་དྲ་རྒྱའི་བདེ་འཇགས་ཐད་དམ་དྲག་ཤུགས་སྣོན་བྱས་ཏེ་འཕྲིན་སྟེགས་སོགས་དྲ་བ་སྟོང་ཕྲག་མང་པོ་བཀག་སྡོམ་དང་ནག་གསུབ་བཏང་ཡོད་པ་དང་། རྒྱ་ནག་གི་ཆབ་སྲིད་ལོ་རྒྱུས་སྨྲ་བ་ཀྲུང་ལེ་ཧྥན(Zhang Lifan)ཟེར་བ་ཞིག་གིས། རྒྱ་ནག་གི་མི་ཚོས་ཆབ་སྲིད་སོགས་ཀྱི་ཐད་ནམ་རྒྱུན་ནས་སྐད་ཆ་བཤད་མི་ཆོག་པ་དང་། ཚོགས་ཆེན་སྐབས་ལྟ་བུར་ལྷག་ཏུ་བཤད་མི་ཆོག་པ་མ་ཟད། ལོ་འདི་གནད་འགག་ཆེན་པོ་ཞིག་ཆགས་ཡོད་དུས་ཆབ་སྲིད་ཐད་ཀྱི་སྐད་ཆ་གཏན་འགོག་བྱས་ཡོད་སྐོར་བརྗོད་འདུག

རྒྱལ་སྤྱིའི་ཆབ་སྲིད་ཆེད་མཁས་པ་མང་པོས་འདི་ལོར་རྒྱ་ནག་ཕྱོགས་ཡོངས་ནས་ཉེན་ཁར་འཕྲད་ཀྱི་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༤ ཉིན། ཨ་རིའི་(The Wall Street Journal)གསར་ཤོག་ཐོག་བཏོན་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ནང་ཨ་རྒྱའི་མགོ་འཁྲིད་གཉིས་ཐུག་འཕྲད་ཀྱིས་ཚོང་དམག་སྐོར་ལ་གྲོས་མོལ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་ན་ཡང་། དཔལ་འབྱོར་ཆེད་མཁས་པ་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་ཁྲོམ་རའི་དཔལ་འབྱོར་དོ་དམ་འགན་འཛིན་ཐའེ་ཧུའེ་(Tai Hui)ཡིས། ཨ་རྒྱའི་ཚོང་དམག་ཐད་ཕྱོགས་གཉིས་བར་ད་དུང་ཁྲོམ་རའི་དཔལ་འབྱོར་འཁོར་རྒྱུག་དང་འཕྲུལ་རིགས་ལག་རྩལ་གྱི་ཁེ་དབང་སོགས་ཀྱི་ཐད་ནས་མི་མཐུན་པ་མང་པོ་ཞིག་ཡོང་གི་ཡོད་པས་གནད་དོན་ཐག་གཅོད་བྱ་རྒྱུ་ཁག་པོ་ཆགས་ཡོད་སྐོར་བརྗོད་ཡོད་པ་དང་། ད་ལྟའི་ཆར་ཚོང་དམག་གི་རྐྱེན་གྱིས་རྒྱ་ནག་གི་ཕྱིར་འདྲེན་དངོས་ཟོག་ཙམ་མ་ཟད། དཔལ་འབྱོར་གྱི་གནོད་སྐྱོན་དེ་མི་མང་སྐྱེས་མའི་ཚོང་ལས་དང་ཉིན་རེའི་དཔལ་འབྱོར་ཡོང་འབབ་ལའང་ཤུགས་རྐྱེན་སླེབ་ཀྱི་ཡོད་པ་དང་།  རྒྱ་ནག་ཕྱོགས་ནས་ཚོང་དམག་གནད་དོན་གྲོས་མོལ་ལམ་ནས་མྱུར་དུ་ཞི་འགྲིག་ཡོང་ཐབས་ལ་རེ་བ་ཆེན་པོ་རྒྱག་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༣/༠༦

Leave a Reply