ཅེག་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས།

སྲིད་སྐྱོང་མཆོག་ནས་རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་རྣམས་ཀྱིས་ཐོག་མར་བོད་ཀྱི་ལམ་དེར་གསལ་བོར་ཞིབ་འཇུག་བྱས་རྗེས་སོ་སོའི་རྒྱལ་ཁབ་ནང་རྒྱུད་གཅིག་ལམ་གཅིག་ལ་བརྟེན་ནས་ག་རེ་འབྱུང་སྲིད་པ་རྟོགས་ཀྱི་ཡོད་སྐོར་གསུངས་འདུགཁ་སང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ (Prague) ནང་། ཅེག་བོད་རིགས་ཚོགས་པ་སོགས་ཡུལ་དེའི་ཚོགས་པ་ཁག་ ༥ ཡིས་གོ་སྒྲིག་ཞུས་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་ཡུལ་དེའི་གྲོས་ཚོགས་འཐུས་མི་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཚོགས་མི། བོད་དོན་རྒྱབ་སྐྱོར་བ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཆེ་ཁག་ཅིག་གི་འཐུས་མི་སོགས་འཛོམས་ཡོད་འདུག་ལ། ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཅེག་སྤྱི་མཐུན་རྒྱལ་གྱིས་བོད་རྒྱ་ཞི་མོལ་དང་གཉིས་སྨན་དབུ་མའི་ལམ་གྱི་སྐོར་ལ་གྲོས་འཆར་འདོན་དགོས་པ་གལ་ཆེན་ཡིན་སྐོར་གསུངས་འདུག

མཛད་སྒོའི་ཐོག་མར་སྲིད་སྐྱོང་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་མ་ཟད།  ཚོགས་ཞུགས་པའི་དྲི་བར་བཀའ་ལན་གནང་ཡོད་པ་དང་། སྐབས་དེར་ཚོགས་པ་དང་མི་སྒེར་བ་སོགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཐབས་ཅི་ཡོད་དྲིས་པར་སྲིད་སྐྱོང་མཆོག་གིས། དེ་ནི་གཙོ་བོ་རང་ཉིད་ཀྱི་འདོད་མོས་ལ་རག་ལས་ཀྱི་རེད། ངས་ནམ་རྒྱུན་ཐོག་མར་གཞན་ལ་བོད་ནང་ཅི་བྱུང་གིན་ཡོད་པའི་ཉིན་རེའི་གནས་ཚུལ་འཕྲིན་ལམ་བརྒྱུད་མངགས་ནས་རྒྱུས་ལོན་བྱེད་པར་སྐུལ་མ་བྱེད་ཀྱི་ཡོད། རང་ཉིད་ཀྱི་འདོད་མོས་ལྟར་འཕྲོད་བསྟེན་དང་ཤེས་ཡོན། ཡང་ན་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་བཅས་དྲ་འཕྲིན་བརྒྱུད་མངགས་ཏེ་རྒྱུན་དུ་དོ་སྣང་བྱ་རྒྱུ་དང་། དེ་ལས་གལ་ཆེ་བ་ཞིག་ནི་རང་ཉིད་གང་དུ་ཡོད་ནའང་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་ལས་གཞི་གང་འདྲ་ཞིག་གི་ཆེད་བཅར་བ་ཡིན་ནའང་ཁོང་ཚོར་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་དགོས་པའི་དྲན་སྐུལ་བྱེད་པ་དང་། བོད་དོན་དང་འབྲེལ་བའི་གསར་འགྱུར་སོགས་རླུང་འཕྲིན་དང་བརྙན་འཕྲིན་ནང་ཐོན་སྐབས་ཡིག་ཕྲེང་རེ་གཉིས་ནང་བོད་དོན་གླེང་བར་ཐུགས་རྗེ་ཆེ་འབྲི་རྒྱུ་གལ་ཆེན་པོ་རེད། མཐར་གཏུགས་ན་གསར་ཁང་ཚོའང་ཚོང་དང་འབྲེལ་བ་ཡོད་པ་རེད། ཀློག་མཁན་མང་ན་ཚོང་མང་བ་དང་། འབྲི་མཁན་མང་ན་ཀློག་མཁན་མང་བ་རེད། མཚམས་རེར་ང་ཚོས་བོད་དང་རྒྱ་ནག འགྲོ་བ་མིའི་ཐོབ་ཐང་སྐོར་ལ་རྩོམ་ཡག་པོ་ཀློག་གི་ཡོད་པ་རེད། དེར་ཀློག་མཁན་ཞིག་གི་ངོས་ནས་བརྡ་ལན་ཞིག་མ་སྤྲད་ཚེ་གསར་ཁང་དེས་གནས་ཚུལ་དེར་ཀློག་མཁན་མི་འདུག་ལབ་ནས་བསྐྱར་དུ་འགོད་ཀྱི་མ་རེད། དེ་འདྲའི་གནས་ཚུལ་ཆུང་ཆུང་ཞིག་གིས་ཀྱང་ཁྱད་པར་ཆེན་པོ་བཟོ་ཡི་ཡོད་པ་རེད། དེ་བས་ཁྱེད་ཀྱིས་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་སོགས་དང་འབྲེལ་ནས་བོད་དོན་ལ་རྒྱབ་སྐྱོར་བྱས་ན་འགྲིག་གི་རེད་དེ། དེའི་ནང་རྟག་ཏུ་མཉམ་ཞུགས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ལ། རང་ཉིད་ཀྱི་ཆབ་སྲིད་མགོ་འཁྲིད་དང་གནད་ཡོད་མི་སྣར་གླེང་སློང་བྱེད་དུ་འཇུག་རྒྱུ་གལ་ཆེན་རེད། དེ་བཞིན་རང་ཉིད་ལ་དང་འདོད་ཡོད་པའི་བོད་ཀྱི་གནད་དོན་དང་འབྲེལ་བའི་ཚོགས་སྡེ་ཁག་ལ་འབྲེལ་བ་འཛུགས་རྒྱུ་གལ་ཆེན་རེད། ཅེས་གསུངས་འདུག

རྒྱ་དཀར་ནག་གཉིས་ནས་རྒྱུད་གཅིག་ལམ་གཅིག་དང་འབྲེལ་ནས་བོད་དོན་ལ་ལྟ་སྟངས་འགྱུར་གྱི་ཡོད་མེད་དྲིས་པར་སྲིད་སྐྱོང་མཆོག་གིས། རྒྱ་གར་གཞུང་ལ་ཆ་མཚོན་ན། རྒྱུད་གཅིག་ལམ་གཅིག་གི་ཐད་བགྲོ་གླེང་མང་པོ་བྱེད་ཀྱི་ཡོད་པ་རེད། དེས་ཨེ་ཤ་ཡའི་ལྷོ་ཤར་གྱི་རྒྱལ་ཁབ་ཚོའི་བར་མཐུད་ཀྱི་ཡོད་པ་དང་བལ་ཡུལ་རྒྱུད་འབྲུག་སོགས་ལ་མཐུད་ཀྱི་ཡོད་པ་རེད། པཱ་ཀི་སི་ཐན་ནི་ལས་གཞི་དེའི་འོག་རྒྱ་ནག་དང་མཐུད་ཟིན་པ་རེད། དེ་བཞིན་མཚོ་ལམ་བརྒྱུད་ཤྲི་ལིང་ག་དང་མལ་དྷེ་བི། བྷང་ག་ལ་བཅས་ལ་མཐུད་ཐབས་བྱེད་ཀྱི་ཡོད་པ་རེད། དེ་བས་རྒྱ་གར་གྱི་བགྲོ་གླེང་མང་པོ་བྱེད་ཀྱི་ཡོད་པ་རེད་ལ། ཏོག་ཙམ་སེམས་འཚབ་ཀྱང་བྱེད་ཀྱི་ཡོད་པ་རེད། རྒྱལ་ཁབ་རེ་འགས་ལམ་མཐུད་པ་དེ་ཡག་པོ་མཐོང་གི་ཡོད་པ་རེད། འོན་ཀྱང་མཚོ་ལམ་དང་ས་ཐོག་ལམ་གྱིས་ཨེ་ཤ་ཡའི་རྒྱལ་ཁབ་ཕན་ཚུན་མཐུད་བཞིན་པར་བརྟེན། ཨེ་ཤ་ཡའི་ནང་གི་སོ་སོའི་ཤུགས་རྐྱེན་དེ་ཆུང་དུ་འགྲོ་བཞིན་ཡོད་པ་རེད། བལ་ཡུལ་ལ་མཚོན་ནའང་རྒྱ་ནག་གི་ལས་གཞི་དེར་མོས་མཐུན་ཡོད་པའི་ཁ་ཕྱོགས་ཤིག་བཟུང་ཡོད་པས་རྒྱ་ནག་གི་ཤུགས་རྐྱེན་དེ་ཙམ་ཆེ་བ་རེད། རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ནང་རྒྱ་ནག་རྒྱལ་ཡོངས་ཀྱི་སྲིད་བྱུས་དང་ཕྱི་འབྲེལ་སྲིད་བྱུས། ས་ཁོངས་དང་དཔལ་འབྱོར་གྱི་སྲིད་བྱུས་སོགས་ཚང་མ་ཚུད་ཡོད་པས་འཛམ་གླིང་གི་ཕྱོགས་ཡོངས་ལ་འབྲེལ་ནས་ཡོད་པ་རེད། དེ་བས་ཐོག་མར་ཚང་མས་བོད་ཀྱི་ལམ་དེར་གསལ་བོར་ཞིབ་འཇུག་བྱ་དགོས་དང་། དེ་ནས་རྒྱལ་ཁབ་འདིའི་ནང་རྒྱུད་གཅིག་ལམ་གཅིག་ལ་བརྟེན་ནས་ག་རེ་འབྱུང་སྲིད་པ་རྟོགས་ཀྱི་རེད། ཅེས་གསུངས་འདུག

དྲི་བ་དེ་དང་འབྲེལ་ནས་སྲིད་སྐྱོང་མཆོག་ནས་རྒྱ་ནག་གི་སྟོབས་ཤུགས་འཕེལ་བཞིན་ཡོད་པས་མཐུན་ཕྱོགས་རྒྱལ་ཁབ་ཚོས་རྒྱབ་སྐྱོར་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༤༠ པའི་ཐོག འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུ་དེ་དཔལ་འབྱོར་ཡར་རྒྱས་ཀྱི་གཞི་རྩར་འཛིན་དགོས་པ་ཞིག་ཆགས་ཡོད་པ་དང་། འཛམ་གླིང་ཡོངས་ཁྱབ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གོ་དོན་ལ་བསྐྱར་བཅོས་བྱས་ཡོད་པས། ཚང་མས་མཁྱེན་དགོས་པ་ཞིག་ནི་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་གདོང་ལེན་གལ་ཆེན་ཞིག་དང་། བོད་མིའི་གནས་བབ་ནི་བོད་མི་ས་ཡ་དྲུག་ཁོ་ན་ཙམ་མིན་པར་ཚང་མའི་གནས་བབ་མཚོན་གྱི་ཡོད་སྟབས། ཚང་མ་མཉམ་འབྲེལ་གྱིས་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་གི་ཤུགས་རྐྱེན་ལ་གདོང་ལེན་བྱེད་དགོས་སྐོར་སོགས་གསུངས་འདུག

མཐའ་མ་དེར་སྲིད་སྐྱོང་མཆོག་ནས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་། བོད་རྒྱ་ཞི་མོལ་དགོས་པའི་གྲོས་ཆོད་གཏན་འབེབ་གནང་ཡོད་པ་ལྟར། ཅེག་སྤྱི་མཐུན་རྒྱལ་གྱིས་ཀྱང་དེ་བཞིན་གྲོས་འཆར་འདོན་དགོས་པ་གལ་ཆེན་ཡིན་པ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བས་དེའི་ཐོག་ཤུགས་སྣོན་རྒྱག་རྒྱུའི་འབོད་སྐུལ་ཞུ་ཡི་ཡོད་ལ། ཡུལ་དེའི་སློབ་གྲྭ་ཁག་ ༡༠༠ ལྷག་དང་། རྒྱལ་ས་ཁུལ་གྱི་ཚོགས་སྡེ་དང་མི་སྒེར་སོགས་ནས་གསུམ་བཅུའི་དུས་དྲན་དང་བསྟུན། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་ཡིན་སྐོར་སྙན་སྒྲོན་ཞུས་པར་སྲིད་སྐྱོང་མཆོག་ནས་ཐུགས་རྗེ་ཆེ་ཞུས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༣/༠༦

Leave a Reply