རྒྱ་མི་ཞིག་གིས་རྒྱ་དར་མེར་བསྲེགས།

ཧོང་ཀོང་ནས་ཡིན་པའི་རྒྱ་རིགས་རང་དབང་འཐབ་རྩོད་པ་དབྱང་ཁང་ཞེས་པ་ཞིག་གིས་ཁ་ན་ཌའི་ཁྲིམས་ཞིབ་ཁང་མདུན་དུ་རྒྱ་ནག་གི་རྒྱལ་དར་མེར་སྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས།ཁ་སང་ཕྱི་ཚེས་ ༦ ཉིན། ཁ་ན་ཌའི་ཝན་ཁོ་ཝར་(Vancouver)གྲོང་ཁྱེར་གྱི་དབྱིན་ཇིའི་ཀོ་ལིམ་བྷི་ཡ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ། རྒྱ་ནག་གི་ཧྭ་ཝེ་འཕྲུལ་རིག་བཟོ་ཚོང་ཁང་གི་ནོར་དོན་སྤྱི་གཉེར་བ་མོང་ཝན་ཀྲུའུ་(Meng Wanzhou)ལ་ཨ་རིར་རྩིས་སྤྲོད་བྱེད་མིན་སྐོར་ཁྲིམས་ཞིབ་བྱེད་སྐབས། ཁྲིམས་ཁང་གི་མདུན་དུ་ཧོང་ཀོང་ནས་ཡིན་པའི་རྒྱ་རིགས་རང་དབང་འཐབ་རྩོད་པ་དབྱང་ཁང་(Yang Kuang) ཞེས་པ་ཞིག་གིས། རྒྱ་ནག་གི་རྒྱལ་དར་མེར་སྲེག་བཏང་ཡོད་པ་མ་ཟད། རྒྱ་རིགས་གཞན་ཁག་ཅིག་དང་མཉམ་དུ་རྒྱ་ནག་གཞུང་གིས་ཁ་ན་ཌའི་མི་སེར་མེ་ཁལ་སི་པེ་ཝར་(Michael Spavor)དང་། མེ་ཁལ་ཀོབ་རིག་(Michael Kovrig)གཉིས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པ་དང་། རྒྱ་ནག་གིས་དུས་རྒྱུན་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་འབོད་ཚིག་བསྒྲགས་ཡོད་པ་མ་ཟད། ཧྭ་ཝེ་རྩིས་མེད་གཏོང་དགོས་པ་དང་། མོང་ཨ་རིར་རྩིས་སྤྲོད་དགོས། དེ་བཞིན་མེ་ཁལ་སི་པེ་ཝར་དང་མེ་ཁལ་ཀོབ་རིག་གཉིས་ཀློད་གྲོལ་གཏོང་དགོས་ཞེས་བཀོད་པའི་འཕྲེད་དར་འཕྱར་ནས་སྐད་འབོད་བྱས་ཡོད་འདུག སྐབས་དེར་དུས་རྒྱུན་ཧྭ་ཝེ་དང་རྒྱ་ནག་གཞུང་གི་ཕྱོགས་གཏོགས་བ་ཁག་ཅིག་ཀྱང་བསླེབས་ནས་མོང་ཀློད་གྲོལ་གཏོང་དགོས་པའི་འབོད་ཚིག་བསྒྲགས་ཡོད་འདུག

དབྱང་ཁང་གིས་ངོ་རྒོལ་བྱེད་སྐབས་གསར་འགོད་པ་མང་པོ་འཛོམས་ཡོད་པ་དང་ཁོང་གིས། ངས་དུས་ཡུན་རིང་པོ་ཞིག་ནས་འདི་ལྟར་བྱེད་འདོད་བྱུང་། དེར་བརྟེན། ངས་རྒྱལ་དར་མེར་སྲེག་བཏང་བ་དེས་ངའི་དམིགས་ཡུལ་འགྲུབ་སོང་བ་མ་ཟད། འདི་བརྒྱུད་ནས་ང་རང་རྒྱ་ནག་གཞུང་གི་བྱེད་སྟངས་ཀུན་ལ་འདོད་པ་ཚིམ་གྱི་མེད་པ་དང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་བྱས་པ་མཚོན་གྱི་ཡོད། ཅེས་དང་། ཁ་ན་ཌ་གཞུང་གིས་ཁྲིམས་མཐུན་གྱི་བརྒྱུད་རིམ་ཐོག་ནས་མོང་ཝན་ཀྲུའུ་ཨ་རི་ལ་སྤྲོད་རྩིས་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གིས་མི་སེར་འཇུ་བཟུང་གི་ཐབས་ཇུས་སྤྱད་ནས་ཁ་ན་ཌའི་མི་སེར་གཉིས་འཛིན་བཟུང་བྱས་ཡོད་པ་རེད། དེ་ནི་ཁྱོད་ཀྱིས་ངའི་མི་འཇུ་བཟུང་བྱས་ན། ངས་ཁྱོད་ཀྱི་མི་འཇུ་བཟུང་བྱ་རྒྱུ་ཡིན་ཞེས་པ་དང་གཅིག་མཚུངས་རེད། དེ་ནི་རྒྱུ་མཚན་གཏན་ནས་མེད་པའི་བྱེད་སྟངས་ཤིག་རེད་བསམ་གྱི་འདུག ཅེས་བརྗོད་འདུག

འདས་ལོའི་ཕྱི་ཟླ་ ༨ ཚེས་ ༢༢ ཉིན་ཁ་ན་ཌ་གཞུང་ལ་ཨ་རིའི་ནེའུ་ཡོག་ཁྲིམས་ཁང་གིས། ཧྭ་ཝེ་ཡིས་ལྐོག་ནས་ཨི་རན་ལ་བཅད་པའི་དཔལ་འབྱོར་ཉེས་ཆད་ཀྱི་སྒྲིག་ཁྲིམས་དང་འགལ་བའི་ཚོང་འབྲེལ་བྱེད་ཀྱིན་པའི་དོགས་གཞི་ཡོད་པས་འཛིན་བཟུང་བྱེད་དགོས་པའི་རེ་འདུན་བཏོན་པ་ལྟར། ཁ་ན་ཌ་གཞུང་གིས་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་ཝན་ཁོ་ཝར་གྱི་གནམ་ཐང་ནས་མོང་འཛིན་བཟུང་བྱས་ཏེ་ད་བར་བཟང་བཙོན་དུ་བཅུག་ཡོད་པ་རེད། ཁ་ན་ཌས་མོང་ཝན་ཀྲུའུ་འཇུ་བཟུང་བྱས་པའི་རྐྱེན་གྱིས་རྒྱ་ནག་གིས་ཁ་ན་ཌའི་གཞུང་འབྲེལ་མི་སྣ་ཟུར་པ་དང་མི་སེར་དཀྱུས་མ་མི་ཉུང་བ་ཞིག་འཛིན་བཟུང་བྱས་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཡང་ཛ་དྲག་ཏུ་གྱུར་ཡོད་པ་རེད།སི་ཨན་ཨན་གྱིས་སྤེལ་བའི་གནས་ཚུལ་ནང་། ཟླ་འདིའི་ཕྱི་ཚེས་ ༤ ཉིན་མོང་ཝན་ཀྲུའུ་ཡི་ཁྲིམས་རྩོད་པས། ཁ་ན་ཌ་གཞུང་གིས་ཁྲིམས་མཐུན་མིན་པའི་སྒོ་ནས་མོང་ཝན་ཀྲུའུ་འཛིན་བཟུང་དང་འདྲི་རྩད་བྱས་ཡོད་སྐོར་བརྗོད་དེ། ཁ་ན་ཌ་གཞུང་ཁྲིམས་ཁང་ལ་གཏུགས་ཡོད་སྐོར་བརྗོད་ཡོད་པ་དང་། དེ་རིང་ཡང་ཧྭ་ཝེ་སྤྱི་གཉེར་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་།  ཨ་རི་གཞུང་གིས་དཔང་རྟགས་ཁུངས་འཕེལ་མེད་བཞིན་དུ་གཞུང་གི་ལས་ཁུངས་དག་གིས་ཧྭ་ཝེ་ཡི་ཐོན་དངོས་རིགས་བཀོལ་སྤྱོད་མི་ཆོག་པར་བཟོས་པ་དེ་ཁྲིམས་མཐུན་ཞིག་མིན་སྐོར་དང་། ཧྭ་ཝེ་དང་རྒྱ་ནག་གཞུང་བར་གསང་བའི་འབྲེལ་ལམ་ཡོད་སྐོར་བརྗོད་པ་དེ་དོན་མེད་ཀྱི་སྙོན་འཛུགས་ཡིན་པས། སྤྱི་གཉེར་ཁང་གིས་ཨ་རི་གཞུང་ཊེག་སེ་སི་མངའ་སྡེའི་པེ་ལེ་ནོ་(Plano, Texas)རྫོང་གི་ཁྲིམས་ཁང་ལ་གཏུགས་ཡོད་སྐོར་བརྗོད་ཡོད་འདུག་པ་མ་ཟད། ཨ་རི་གཞུང་གི་བྱེད་སྟངས་དེས་ཧྭ་ཝེ་སྤྱི་གཉེར་ཁང་གི་ཁྲོམ་རའི་ཐོབ་ཐང་འཕྲོག་གི་ཡོད་པ་མ་ཟད། ཨ་རིའི་འཛད་སྤྱོད་པ་རྣམས་ལ་ཡང་གྱོང་གུད་ཆེན་པོ་སྤྲད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

ཨ་རིས་ཁ་ན་ཌ་གཞུང་ལ་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡ ནས་བཟུང་མོང་ཝན་ཀྲུའུ་ཡི་ནག་ཉེས་ངོས་འཛིན་གྱི་ཐོག་ནས་ཨ་རིར་རྩིས་སྤྲོད་དགོས་པའི་རེ་འདུན་བཏོན་པ་ལྟར། ཉེ་ཆར་ཁ་ན་ཌའི་ཁྲིམས་ཁང་གིས་ཁྲིམས་ཐོག་ནས་མོང་ཝན་ཀྲུའུ་རྩིས་སྤྲོད་ཀྱི་བརྒྱུད་རིམ་གཏན་འཁེལ་བྱས་ཏེ། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༨ ཉིན་ཁྲིམས་ཁང་ནང་རྩིས་སྤྲོད་ཀྱི་ཉན་ཞིབ་ཐོག་མ་དེ་མགོ་འཛུགས་རྒྱུ་བྱས་ཡོད་པ་དང་། གལ་ཏེ་ཉན་ཞིབ་ཀྱི་ཁྲོད་ནས་མོང་ཝན་ཀྲུའུ་ཚོང་དོན་སྒྲིག་ཁྲིམས་དང་འགལ་བའི་ནག་ཉེས་ར་འཕྲོད་བྱུང་ཚེ། མོང་ཨ་རིར་རྩིས་སྤྲོད་མི་བྱེད་ཐབས་མེད་ཆགས་ཀྱི་ཡོད་འདུག

དབྱང་ཁང་ནི་ཧོང་ཀོང་ནས་ཡིན་པའི་གྲགས་ཅན་རྒྱ་རིགས་རང་དབང་འཐབ་རྩོད་པ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༡༢ ལོར་ཁོང་གིས་གྲུ་གཟིངས་ཤིག་གི་གྲུ་དཔོན་བྱས་ཏེ། ཉི་ཧོང་དང་རྒྱ་ནག་བར་གྱི་རྩོད་གཞི་ཅན་གྱི་ཏེའོ་ཡུའམ་སེན་ཀ་ཀུ་གླིང་ཕྲན་(Senkaku Islands)དུ་འཐབ་རྩོད་པ་སྐོར་ཞིག་སྐྱེལ་འདྲེན་བྱས་ཏེ། གླིང་ཕྲན་དེ་རྒྱ་ཁོངས་ཡིན་སྐོར་གྱི་ལས་འགུལ་ཞིག་སྤེལ་བར་བརྟེན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་དོ་སྣང་ཆེན་པོ་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་གཞུང་གིས་བཟང་བཙོན་དུ་བཅུག་ཡོད་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལོའུ་ཞའོ་པའོ་ཡི་སྐུ་ཟླ་ལོའུ་ཤཱ་(Liu Xia) ལ་གསང་བའི་ཐུག་འཕྲད་བྱེད་དུ་ཕྱིན་སྐབས། རྒྱ་ནག་གཞུང་གིས་ཁོས་རྩོད་རྙོག་སློང་གི་ཡོད་སྐོར་བརྗོད་དེ། ཟླ་ ༨ ཀྱི་རིང་བཙོན་འཇུག་བཀག་ཉར་བྱས་རྗེས། རྒྱ་ནག་སྐམ་ས་ཆེན་མོར་བསྐྱོད་རྒྱུའི་ཐོངས་མཆན་ཕྱིར་བསྡུ་བྱས་ཏེ་ཧོང་ཀོང་ནང་ཕྱིར་སློག་བཏང་། ཕྱི་ལོ་ ༢༠༡༥ ལོར་ཁོང་གིས་ཁ་ན་ཌར་ཆབ་སྲིད་སྐྱབས་བཅོལ་ཞུས་ཏེ། ད་ལྟའི་ཆར་ཁ་ན་ཌའི་སཱ་རེ་(Surry) གྲོང་ཁྱེར་དུ་གནས་སྡོད་བྱེད་ཀྱི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༣/༠༧

Leave a Reply