ཏང་གི་ཁ་ལ་ཉོན་ཨ།

བོད་མི་ཚང་མས་ངེས་པར་དུ་འདུ་ཤེས་བཞི་ཟབ་ཅིང་གདེང་ཚོད་བཞི་བརྟན་པའི་ཐོག་ནས་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བྱེད་དགོས་ཟེར།ཟླ་འདིའི་ཕྱི་ཚེས་ ༦ ཉིན། རྒྱ་ནག་དམར་ཤོག་ཚོགས་ཆེན་གཉིས་དང་བསྟུན། རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཟུར་ཚོགས་ཞིག་གི་སྐབས། ཚོགས་འདུ་གཙོ་སྐྱོང་བ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་ཡེན་ཅེ(Wu Yingjie)ཟེར་བ་དེས། བོད་རང་སྐྱོང་ལྗོངས་ནང་བོད་སྐད་བོད་ཡིག་སྦྱང་རྒྱུར་དམ་དྲག་གང་ཡང་མེད་པ་དང་། བོད་པ་ཚོས་རྒྱ་སྐད་སྦྱང་བ་དང་མཉམ་དུ་རང་གི་ཕ་སྐད་ལ་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་། དེ་བཞིན་བོད་ནང་ཡོང་མཁན་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཚོར་དམ་དྲག་གང་ཡང་མེད་པ་མ་ཟད་ལོ་རེར་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོང་གི་ཡོད་པ་དང་། མཚམས་རེར་ཡུལ་སྐོར་བ་ཚོར་དམ་དྲག་བྱེད་དགོས་དོན་ནི་བོད་ནི་ས་བབ་ཧ་ཅང་མཐོ་བའི་རྐྱེན་གྱིས་ཡུལ་སྐོར་བ་ཚོས་བདེ་འཇགས་ལ་སྲུང་སྐྱོབ་ཆེད་དུ་ཡིན་པ་དང་། ཡུལ་སྐོར་བ་མང་པོས་ང་ཚོས་བདེ་སྲུང་ལྟ་རྟོག་ལ་ཧ་ཅང་དགའ་ཚོར་བྱུང་ཡོད་སྐོར་སོགས་བརྗོད་འདུག

དེ་བཞིན་བོད་རང་སྐྱོང་ལྗོངས་མགོ་འཁྲིད་ཆེ་དགྲ་ལྷ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་བློ་བཟང་རྒྱལ་མཚན་སོགས་ཀྱིས་རྒྱ་ནག་གཞུང་གི་ལས་དོན་སྙན་སྒྲོན་དང་འབྲེལ་ནས་གཏམ་བཤད་བྱེད་སྐབས། མགོ་འཁྲིད་ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་དོན་ལག་བསྟར་དང་། རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་ནས་ལོ་ ༧༠ དང་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ ༦༠ འཁོར་བའི་ལོ་སོགས་འགག་རྩའི་ལོ་ཞིག་ཆགས་ཀྱི་ཡོད་པས། ཚང་མས་ངེས་པར་དུ་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བྱེད་པ། རང་རྟོགས་ངང་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག་གིས་སྲུང་སྐྱོང་བཅས་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

ཡང་ཟུར་ཚོགས་ཐོག་དྲུང་ཆེ་ཝུ་ཡེན་ཅེ(Wu Yingjie)ཟེར་བ་དེས། བོད་རང་སྐྱོང་ལྗོངས་མི་མང་གིས་རྒྱ་ནག་གཞུང་གི་བཀའ་དྲིན་ལ་ཚོར་ཤེས་ཆེན་པོ་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ནང་༧གོང་ས་མཆོག་གི་དབུས་བཙན་བྱོལ་བོད་མིར་འབྲེལ་བ་མེད་སྐོར་དང་། ༧གོང་ས་མཆོག་ལ་དད་གུས་ཞུ་མཁན་མེད་པར་དམར་ཤོག་ཚོགས་པར་དགའ་མོས་བྱེད་བཞིན་ཡོད་ཚུལ་སོགས་བརྗོད་ཡོད་པ་དང་། སྐད་ཆ་དེ་ཚོ་ཕྱི་ལོ་ ༢༠༡༦ དང་༢༠༡༨ སོགས་ཀྱི་ཚོགས་ཆེན་ཁག་གི་ཐོག་ཡང་དང་བསྐྱར་དུ་བསྒྲགས་ཡོད་ནའང་། འདི་ལོའི་ཕྱི་ཟླ་ ༢ པ་ནང་ལྷ་སར་ཚོགས་པའི་བོད་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་དང་བཀོད་འདོམས་ཟེར་བའི་སྟེང་། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་མགོ་འཁྲིད་ཡེ་ཤིན་ཟེར་བས་བོད་ནང་དུ་ངོ་གཉིས་ཅན་གྱི་མི་ཡོད་པ་དང་། དེ་དག་གིས་དམར་ཤོག་གཞུང་ལ་བློ་དཀར་ཡིན་ཚུལ་གྱིས་ལྐོག་ཏུ་ཏཱ་ལའི་ཁ་བྲལ་བ་དང་མཉམ་འབྲེལ་ལས་ཀ་བྱེད་ཀྱི་ཡོད་པས། ཕྱི་ལོ་ ༢༠༡༨ ལོར་ལྷ་སའི་ནང་ཏང་ཡོན་ཆོས་ལུགས་ཆོ་ག་བྱེད་མཁན་དང་གཞུང་གི་ལམ་ལུགས་ལ་གཏོར་བཤིག་བཏང་མཁན་ ༡༥༠ རྩད་གཅོད་བྱུང་ཡོད། ཅེས་བསྒྲགས་ཡོད་པ་རེད།

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་ལོ་ལྟར་བོད་ནང་ཡར་རྒྱས་སོང་ཡོད་པ་དང་། བོད་མི་ཚོའི་འཚོ་བ་སྐྱིད་པོ་ཡོད་སྐོར་སོགས་བརྗོད་ཀྱི་ཡོད་ན་ཡང་བོད་མི་ཚོས་བསྟུད་མར་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་ངོ་རྒོལ་དང་། ཕྱི་ལོ་ ༢༠༠༩ ལོ་ནས་བོད་ཁུལ་ཡོངས་སུ་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གྱིས་སྐྱ་སེར་མང་པོས་རང་ལུས་མེར་སྲེག་གནང་ཡོད་པ་དང་། རྒྱ་གཞུང་གིས་བོད་ནང་ཆོས་དད་རང་མོས་དང་སྐད་ཡིག་ཐོབ་ཐང་ཡག་པོ་ཡོད་སྐོར་བརྗོད་ཡོད་ན་ཡང་། བོད་ཀྱི་སྐད་ཡིག་ཐོབ་ཐང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་ལ་འདྲ་མཉམ་མིན་པའི་ཁྲིམས་གཞི་ལག་བསྟར་གྱིས་བཙོན་དུ་བཅུག་ཡོད་སྐོར་སོགས་བརྗོད་འདུག

དེང་སང་རྒྱ་ནག་ནང་ནང་ཆོས་སྔར་ལས་དར་ཁྱབ་ཆེན་པོ་འགྲོ་བཞིན་ཡོད་པ་དང་བསྟུན། རྒྱ་རིགས་ནང་ཆོས་དོན་གཉེར་བ་མང་པོས་༧གོང་ས་མཆོག་གི་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་མང་པོར་མཇལ་བཅར་ཞུས་ཏེ་བཀའ་སློབ་གསུང་ཆོས་ཞུ་ཡི་ཡོད་པར་བརྟེན། ཉེ་བའི་ལོ་ཤས་ནས་བཟུང་རྒྱ་གཞུང་གིས་ཏང་ཡོན་ལས་བྱེད་དང་སློབ་ཕྲུག་སོགས་དགོན་པར་འགྲོ་མི་ཆོག་པ་དང་། ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་པ་མ་ཟད། ༧གོང་ས་མཆོག་ལ་དད་གུས་མཇལ་བཅར་ཞུ་མཁན་འཛམ་གླིང་ནང་སྙན་གྲགས་ཆེ་བའི་གློག་བརྙན་འཁྲབ་སྟོན་པ་དང་གཞས་པ་གཞས་མ། སྤྱི་ཚོགས་ལས་འགུལ་བ་སོགས་ལ་རྒྱ་ནག་གཞུང་གིས་ཉེས་འདོགས་བཀག་སྡོམ་རིགས་བསྟུད་མར་བྱེད་ཀྱི་ཡོད་པ་རེད།

ཕྱི་ལོ་ ༢༠༡༦ ལོར་རྒྱ་རིགས་ཁོ་ནར་ཉེས་འདོགས་བྱས་པའི་མིང་ཐོའི་ནང་དུ། རྒྱ་རིགས་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཇི་ཊི་ལེ་ (Jet Li) བཟའ་ཟླ་གཉིས་དང་། པེ་ཅིན་གྱི་གཞས་པ་དང་གློག་བརྙན་འཁྲབ་སྟོན་པ་ཧྥ་ཡི་ཝང་ (Faye Wong)། ཧུ་ཅུན་ (Hu Jun)། ཧོང་ཀོང་གི་གློག་བརྙན་འཁྲབ་སྟོན་པ་ཐོ་ཉེ་ལུང་ (Tony Leung)་དང་ཨན་ཐོ་ནེ་ཝང་ (Anthony Wong)། ཆབ་མན་ཐོ་ (Chapman To)། ཐའེ་ཝན་གྱི་གཞས་མ་ཨ་མའེ་ (A-Mei) དང་ཁྲུ་ཙོ་ཡུ་ (Chou Tzu-Yu) སོགས་ལ་ནང་པའི་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་ཏེ་ཁ་བྲལ་བར་ངན་འབྲེལ་བྱེད་ཀྱི་འདུག་ཅེས་པའི་ཉེས་འདོགས་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༣/༠༧

Leave a Reply