ལོ་རྒྱུས་ཀྱི་འགྱུར་ལྡོག་གི་གླེང་གཞི་ལ་གཞིགས་པའི་དྲན་ཚུལ།         

      བསོད་ནམས་འཚོ།

དེང་སྐབས་མི་མང་པོ་ཞིག་གིས་རང་ཉིད་ཀྱི་དྲན་ཚུལ་ཐམས་ཅད་རྒྱུ་མཚན་དུ་བཀོད་ནས་གཟུར་གནས་མཁས་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་རིག་པས་མངོན་འདོད་ཀྱི་ལོ་རྒྱུས་ཀྱི་ལམ་བུ་མངོན་དུ་འགྱུར་བར་མི་འདོད་པའི་རྣམ་འགྱུར་སྟོན་པ་ནི་མངོན་ལྐོག་གཉིས་ན་མང་དུ་སྣང་ཡང་། བསམ་བློ་ཞིབ་ཏུ་བཏང་ན། ཁོང་རྣམས་པས་དེང་རབས་ཀྱི་འགྲོས་དང་བསྟུན་པའི་སྒོ་ནས་ང་ཚོའི་སྤྱི་ཚོགས་ཀྱི་དགོས་འདོད་བསྐོང་པའི་ཐབས་ལམ་དུ་བསྐྱོད་ཐུབ་པར་འབད་བརྩོན་བྱེད་བཞིན་ཡོད་པ་མངོན་གསལ་དོད་པོ་རེད། དོན་གྱིས་དེ་ནི་མི་མང་ལ་དངངས་སྐྲག་མེད་པའི་ཞི་བདེ་ཡི་སྤྱི་ཚོགས་ཞིག་གམ་ཕན་ཚུན་ལ་གནོད་འཚེ་མེད་པའི་བྱམས་བརྩེ་ཡི་མཐུན་ལམ་ཞིག་བསྐྲུན་འདོད་པ་དེ་རེད།

ངས་བསམ་པར་དེར་བཟང་ལ་བརྩི་རྒྱུ་མེད་ན་སྐྱོན་ལ་བགྲངས་རྒྱུ་ཞིག་མི་འདུག་སྙམ། ང་ཚོའི་མངོན་འདོད་ཀྱི་གོམས་པ་དང་པོ་དེ་འདི་ལྟར་ངེས་བར་དུ་སྤོ་དགོས་བ་ནི་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་ལ་གཞིགས་ནའང་ཤེས་ཐུབ།  ཁ་དཔེར་ཡང་། “གཞན་ལ་ཁེ་ཞིག་བྱིན་ན་རང་ལ་སྐྱིད་ཅིག”་ཞེས་པ་བཞིན། གོམ་གང་མདུན་སྤོས་ཀྱི་ཚུལ་དུ་མདུན་ལ་གོམ་གང་སྤོས་ཙམ་དང་ཕྱི་རུ་གོམ་གང་བསྣུར་ཙམ་བྱས་ནས་གྱོང་ཅུང་ཙམ་འཁུར་བའི་འབྲས་བུས་ཁེ་བཟང་དེ་ཚེ་སྲོག་མང་པོ་ཞིག་གི་ཁྲག་གྲོན་གཏོང་མ་དགོས་བ་དེ་ཡིན་པ་ཤེས་དགོས། ཡང་གཅིག་བཤད་ན། དུས་རབས་དང་འཚམ་པའི་འགྱུར་བ་ཞིག་བཏང་བ་ཙམ་གྱིས་གནའ་བོའི་ལོ་རྒྱུས་དེ་ནག་གསུབ་ཏུ་གཏོང་ཐབས་མེད་ལ། བོད་ཀྱི་བཙན་པོ་རིམ་བྱོན་དང་ཆོས་རྒྱལ་རིམ་བྱོན་གྱིས་བསྐྱངས་པའི་ལོ་རྒྱུས་དེ་དེ་ག་རང་འཇགས་སུ་སྡོད་ངེས་ཡིན་པས་དེ་ནི་སེམས་ཁྲལ་ལྷག་མ་ཞིག་མིན་ནམ་སྙམ། རྐང་ལ་རས་ལྷམ་སྤྲད་ན་མི་གྱོན་པར་ངའི་རྐང་པར་ངེས་པར་དུ་གོ་ལྷམ་གྱོན་དགོས་ཞེས་ཨུ་ཚུགས་བརྒྱབ་ན། གོ་ལྷམ་མ་རག་རས་ལྷམ་མ་གྱོན། མཐའ་མ་རྐང་རྗེན་ལ་འགྲོ་དགོས་པ་ཡང་འཁེལ་སྲིད་པས་བསམ་བློ་ཡངས་ས་ནས་ཕྱོགས་ཡོངས་ལ་གཏོང་རྒྱུ་དེ་ཡང་ཧ་ཅང་གལ་ཆེན་རེད།

ང་ཚོ་ལ་མཁོ་བ་ནི་བརྗིད་ཉམས་དོད་པའི་ལོ་རྒྱུས་ཀྱི་ཐ་སྙད་དེ་མ་ཡིན་པར་མིང་དོན་མཚུངས་པའི་ཚེ་སྲོག་གི་བདེ་འཇགས་དེ་ཡིན། གང་ལྟར་ཀྱང་ལོ་རྒྱུས་ནི་སྤྱི་ཚོགས་དང་འཚོ་བའི་བདེ་སྐྱིད་ཀྱི་འདོད་བློ་བསྐོང་ཆེད་དུ་བྱུང་བས་ཐ་སྙད་ཅིག་ཏུ་བཀོལ་སྤྱོད་བྱེད་དགོས་པ་ལས་མནར་གཅོད་དང་སྡུག་བསྔལ་གྱི་ཁྲག་དྲི་ཁ་བའི་སྐྱོ་གདུང་དང་མུན་ནག་གི་འཚོ་བ་ཞིག་ཏུ་བསྒྱུར་མི་རུང་། འོ་ན། ང་མཁས་མཁས་ཚང་མས་ཐབས་ཞིག་འཐེན། བློ་རྒོད་རྒོད་ཚང་མས་གྲོས་ཞིག་བྱས་ཏེ་བོད་ཁ་བ་ཅན་གྱི་ལོ་རྒྱུས་འདི་རང་ཉིད་ཀྱི་འདོད་བློ་བསྐོང་ཐུབ་པའི་གཟི་བརྗིད་དང་འོད་སྣང་ལྡན་པ་ཞིག་ཏུ་བསྒྱུར་ཐབས་འདྲ་ཨེ་ཡོད་ལ་ལྟོས།

སྤྱིར་ལོ་རྒྱུས་ནི་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་གལ་ཆེན་ཡིན་མོད། གལ་ཆེན་དུ་འཛིན་མིན་དེ་ལའང་རིགས་འདྲ་མིན་ཡོད་སྟེ། དཔེར་ན། ཤེས་བ་ལ་རབ་འབྲིང་། ཞེན་ཁོག་ལ་ཆེ་ཆུང་། རྣམ་དཔྱོད་ཀྱི་བློ་གྲོས་རྒྱས་མིན། ཤེས་འཇོན་ལག་ལེན་དུ་བསྟར་མིན་སོགས་མང་དུ་ཡོད་པ་ང་ཚོས་དོན་དངོས་ཀྱི་འཚོ་བའི་བརྒྱུད་རིམ་ཁྲོད་ནས་ར་སྤྲོད་བྱེད་ཐུབ་པ་བཞིན་རེད།  དེ་ཡང་། བསམ་པ་ཐམས་ཅད་འགྲུབ་ཐུབ་པའི་ངེས་པ་མེད་ཀྱང་། དྲན་པ་ཐམས་ཅད་ལག་ལེན་དུ་བསྟར་དགོས་མིན་དེ་སྤྱི་ཚོགས་ཀྱི་དགོས་མཁོ་ལ་གཞིགས་ནས་འགྲོ་དགོས་པ་ཞིག་རེད། ཡང་གཅིག་བཤད་ན། འབྲི་མཁན་ཐམས་ཅད་མཁས་པ་ཡིན་པ་དང་བྲིས་པ་ཐམས་ཅད་བདེན་པ་ཡིན་པའི་ངེས་པ་ཡང་མེད། དེ་ནི་གང་ཟག་སོ་སོའི་སེམས་ཀྱི་འཛིན་སྟངས་ལས་བྱུང་བའི་འཆར་སྣང་འདྲ་མིན་གྱི་ཚོར་སྣང་ཙམ་ཡིན་པས། དེའི་རིགས་ཀྱི་རྗེས་སུ་ཧོལ་རྒྱུགས་བྱེད་མི་རུང་། དེའི་རིགས་ནི་རང་ལ་ཐབས་ཤེས་སྟོན་རྒྱུ་མེད་པའི་ཚོད་ཀྱིས་མི་འདུག་པར། སྐྱེས་ཆེན་དམ་པ་ཚོའི་བློ་གཟུ་བོར་གནས་པའི་ཐབས་ཤེས་ཕྱོགས་ལ་ཁ་འདྲི་གཏོང་བ་དང་ཕུང་དཀྲུག་བྱེད་རྒྱུར་གོམས་པ་ཤ་སྟག་རེད།  ཡང་རིགས་ཤིག་ནི་རང་འདོད་ཅན་དང་རང་སྣང་ཅན་གྱི་མི་ཡིན་པས་སྤྱི་ཚོགས་ཟིང་ཟིང་བཟོས་རྗེས་འགན་མི་འཁུར་བར་མཐའ་མར་སྤུན་ཟླ་གཞན་དག་གི་ཚེ་སྲོག་གི་རིན་ཐང་བརླག་པར་ཡང་ཡ་ང་མེད། སྤུན་ཟླ་ཚོ། བཤད་མཁན་ཐམས་ཅད་མཁས་པ་ཡིན་པའི་ངེས་པ་མེད་ལ་ཉན་མཁན་ཐམས་ཅད་བླུན་པོ་ཡིན་པའི་ངེས་པ་དེ་བས་ཀྱང་མེད། དུས་རབས་ཀྱི་འགྲོས་དང་བསྟུན་པའི་སྒོ་ནས་སྤྱི་ཚོགས་ཀྱི་གནས་བབས་ལ་གཞིགས་པའི་ཁ་ཕྱོགས་སུ་བསྐྱོད་པ་ནི་ལོ་རྒྱུས་ལ་བཞི་ཤད་བྲིས་པ་མིན་ལ་རང་ཚུགས་མ་ཟིན་པར་གཞན་འོག་ཏུ་མགོ་སྒུར་བ་ནི་དེ་བས་ཀྱང་མིན། དེ་ནི་འགྲོ་བ་མིའི་བདེ་སྐྱིད་ཀྱི་ཆེད་དུ་དམིགས་ནས་རང་གཞན་གཉིས་ཕན་གྱི་ལམ་ཁར་བསྐྱོད་པའི་བྱང་ཆུབ་ཀྱི་ཐབས་མཆོག་ཅིག་རེད་ལ། ད་ལྟའི་དུས་སྐབས་དང་འཚམ་པའི་ཐོག་ནས་འུ་ཅག་གི་རེ་འདོད་འགྲུབ་སྲིད་པའི་ལམ་ཁ་ཉག་གཅིག་པུ་དེ་རེད། འདས་དོན་གྱི་ལོ་རྒྱུས་ཁོ་ནའི་ཕྱིར་དྲན་ཁྲོད་ནས་སྙིང་ལ་ན་ཟུག་འདུག་ཅེས་ཟེར་ཞོར་ང་ཚོ་འཆི་འདོད་དམ། མི་ཉུང་མཚོན་མེད་ཀྱི་འཐབ་འཛིང་ཁྲོད་ནས་རང་ཅག་གི་མི་རིགས་འདི་རྩ་མེད་བཟོས་ནས་དུས་རབས་ཉེར་གཅིག་པའི་ལོ་རྒྱུས་ལ་ཁྲག་དང་མཆི་མ་ཁོ་ནའི་སྐྱོ་གར་བསྐྱིལ་ན། རེ་ཞིག་བོད་ཀྱི་ལོ་རྒྱུས་འབྲི་མཁན་ཞིག་ཀྱང་མེད་པའི་གནས་སུ་གྱར་མི་སྲིད་པའི་ངེས་པ་མེད་པས་བསམ་བློ་ཞིབ་མོར་གཏོང་རྒྱུ་དེ་ཧ་ཅང་གལ་ཆེ། མདོར་དོན་ནི། མཁས་པ་ཡིན་ན་གཞན་ལ་ངན་ཁག་ཉུང་ཙམ་དཀྲི་རྒྱུ་དང་རང་གིས་ལག་རྗེས་མང་ཙམ་འཇོག་རྒྱུ་དེ་གལ་ཆེ་བར་སྙམ།།

བསྐྱར་བཅོས།: ༢༠༡༩/༠༣/༡༠

Leave a Reply