ངོ་རྒོལ་སྐད་འབོད་གནང་མཁན་འཛིན་བཟུང་བྱས།

དེ་རིང་བོད་མི་ཚོས་རྒྱ་གར་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་ཏེ་རྒྱ་གར་ཉེན་རྟོག་པས་ལས་འགུལ་བ་ ༡༦༠ མ་ཟིན་ཙམ་ཞིག་འཛིན་བཟུང་བྱས་ཡོད་འདུགབོད་མིའི་ཞི་བའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་སྲུང་གཙིའི་ལས་འགུལ་གྱི་ཉིན་མཐའ་མ་དང་བསྟུན།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་ལྡི་ལིའི་མཱན་ཊིར་མཱར་གྷི(Mantri Marg)ས་གནས་ནས་མགོ་འཛུགས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་བར། མི་གྲངས་ ༡༠༠༠ ལྷག་གིས་སྐད་འབོད་གོམ་བགྲོད་གནང་ཡོད་པར་བརྟེན་། རྒྱ་གར་ཉེན་རྟོག་པས་ལས་འགུལ་བ་ ༡༦༠ མ་ཟིན་ཙམ་ཞིག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

འདི་གའི་ས་གནས་གསར་འགོད་པས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཐེངས་འདིར་ལས་འགུལ་བ་ཚོ་སྐོར་ཁག་གཉིས་སུ་བགོས་ཏེ་སོང་ཡོད་པ་དང་། སྐོར་ཁག་དང་པོའི་ནང་ནས་མི་གྲངས་ ༦ ཙམ་བཟུང་བྱས་ཡོད་པ་དང་། སྐོར་ཁག་གཉིས་པའི་ནང་ནས་མི་གྲངས་ ༡༥༠ ལྷག་བཅས་ཁྱོན་མི་གྲངས་ ༡༦༠ མ་ཟིན་ཙམ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག ལས་སླ་བོ་བྱས་ནས་འཛིན་བཟུང་བཙན་འཁྲིད་མི་ཐུབ་ཆེད་སློབ་ཕྲུག་ཚོ་ཕན་ཚུན་འཐམས་ནས་ངོ་རྒོལ་བྱས་ཡོད་ན་ཡང་། ཉེན་རྟོག་པ་དང་དམག་མི་སོགས་འབོར་ཆེན་ཡོང་ནས་བཙན་གྱིས་འཁྲིད་ཡོད་པ་དང་། ཡིན་ནའང་བཅར་བརྡུང་རིགས་གང་ཡང་བྱས་མེད་སྐོར་བརྗོད་བྱུང་།

བོད་མིའི་ཞི་བའི་སྒེར་ལངས་གསུམ་བཅུའི་དྲན་ཐེངས་ ༦༠ སྲུང་གཙི་དང་འབྲེལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་ཀྱི་གོ་སྒྲིག་འོག རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཉིན་གྲངས་གསུམ་རིང་མི་མང་འདུ་འཛོམས་ཀྱི་རྔམ་སྟོན་ཁྲོམ་སྐོར་དང་ཞི་བའི་གོམ་བགྲོད་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་དེ་ལྟ་བུ་ཞིག་སྤེལ་དོན་བོད་ཀྱི་ལོ་རྒྱུས་ནང་ནམ་ཡང་བརྗེད་ཐབས་མེད་པའི་མུན་ནག་གི་ཉི་མ་ཞིག་སྲུང་གཙི་ཞུ་བ་དང་སྦྲགས། ད་བར་རྒྱ་གཞུང་གི་བཙན་དབང་དང། གཉའ་གནོན་གྱི་སྲིད་ཇུས་ལ་འགོག་རྒོལ་དང་བོད་མིའི་ཐོབ་ཐང་རྩོད་ལེན་ཆེད་དུས་མིན་རྐྱེན་འདས་སུ་སོང་བ་རྣམས་དང་། གནར་གཅོད་མྱངས་དང་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་དང། སྙིང་སྟོབས་མཛད་རྗེས་བཅས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། རྒྱ་གཞུང་གིས་བཤད་བཞིན་པའི་བོད་ཞི་བའི་བཅིངས་འགྲོལ་ཞེས་པ་རྫུན་གཏམ་ཞིག་ཡིན་པ་དྲན་སྐུལ་དང་ནན་བརྗོད་བྱེད་པའི་ཆེད་དུ་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༣/༡༢

Leave a Reply