བྱང་ཐང་དུ་གངས་སྐྱོན་བྱུང་བར་རོགས་དངུལ་ཧིན་སྒོར་འབུམ་ ༥ གནང་།

ལ་དྭགས་བྱང་ཐང་བོད་མིའི་འབྲོག་སྡེ་ཁག་ཏུ་གངས་སྐྱོན་བྱུང་སྟེ་ནོར་ལུག་མང་པོ་གྲང་ངར་ཆེ་ཞིང་གཟན་རྩྭ་མ་རག་པར་བརྟེན་འཆི་སྐྱོན་བྱུང་ཡོད་འདུགཉེ་སྔོན་ནས་རྒྱ་གར་བྱང་ཕྱོགས་ལ་དྭགས་བྱང་ཐང་ཁུལ་དུ་ཁ་བ་ཤུགས་ཆེན་བབས་པར་བརྟེན། བོད་མིའི་གཞིས་ཆགས་བསོད་ནམས་གླིང་གི་བོད་རིགས་འབྲོག་པ་ཚོའི་ནོར་ལུག་སེམས་ཅན་མང་པོར་གྲང་ངར་ཆེ་ཞིང་གཟན་རྩྭ་དཀོན་པའི་དཀའ་ངལ་བྱུང་སྟེ་འཆི་སྐྱོན་བྱུང་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་གངས་སྐྱོན་གྱིས་གོད་ཆག་བྱུང་མཁན་ཚོར་ཧིན་སྒོར་འབུམ་ ༥  ཡིས་རོགས་སྐྱོར་གནང་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་ཛ་དྲག་གསལ་བསྒྲགས་ཤིག་སྤེལ་ཏེ། གངས་སྐྱོན་གྱིས་ས་གནས་ཡུལ་མི་ཚོར་གོད་ཆག་ཆེན་པོ་བྱུང་ཡོད་པས་རོགས་སྐྱོར་ཆེད་ཞལ་འདེབས་སོགས་གནང་སྐྱོང་ཡོང་བའི་རེ་སྐུལ་གནང་འདུག

ལ་དྭགས་ནི་ཧི་མ་ལ་ཡའི་བོད་དང་ས་མཚམས་སུ་འཁེལ་ཡོད་པས་ལོ་རེ་བཞིན་ཁ་བ་ཤུགས་ཆེན་པོ་བབས་ཀྱི་ཡོད་པ་དང་། མཚམས་རེར་ཁ་བ་ཤུགས་ཆེན་པོ་བབས་པའི་རྐྱེན་གྱིས་ལམ་ཁ་འགག་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཀྱིས་ནོར་ལུག་ལ་གཟན་རྩྭ་སོགས་མེད་པར་གོད་ཆག་ཆེན་པོ་བྱུང་གི་ཡོད་པ་རེད། ཕྱི་ལོ་ ༢༠༡༣ ལོར་ཁ་བ་ཤུགས་ཆེན་བབས་པའི་རྐྱེན་གྱིས་ལ་དྭགས་བོད་མིའི་འབྲོག་སྡེ་ཁག་གི་ནོར་ལུག་ ༥༠༠༠ ལྷག་ལ་འཆི་སྐྱོན་བྱུང་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གནོད་འཚེ་ཕོག་ཡུལ་མང་ཚོགས་ལ་ཧིན་སྒོར་ས་ཡ་ ༡ གནང་ཡོད་པ་རེད།ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ཁྱབ་ཁོངས་སུ་བྱང་ཐང་ཆུ་ཤུལ་དང་། བཀག་གཞུང་། འགུ་ཡུལ། ཅུ་མུར། ས་སྨད། ཧན་ལེ། ནུ་མ། སུམ་མདོ། མཁར་ནག་བཅས་བཙན་བྱོལ་བོད་མིའི་འབྲོག་སྡེ་ཁག་ ༩ ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མི་འབོར་ཞིབ་བཤེར་གྱི་གྲངས་ཐོ་ལྟར་ན། ལ་དྭགས་བྱང་ཐང་ཁུལ་དུ་མི་གྲངས་ ༡༥༣༩ དང་སླེ་རུ་མི་གྲངས་ ༥༥༨༤ བཅས་ཁྱོན་མི་གྲངས་ ༧༡༢༣ ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༣/༡༢

Leave a Reply