སློབ་ཕྲུག་ ༡༩༠༠༠ ཙམ་ལ་མཆིན་པའི་གཉན་ཚད་ཡོད་མེད་བལྟས་ཚར།

བཙན་བྱོལ་བོད་མིའི་སློབ་ཕྲུག་ ༡༩༠༠༠ ཙམ་ལ་མཆིན་པའི་གཉན་ཚད་ཡོད་མེད་ཞིབ་འཇུག་བྱས་ཟིན་ཏེ་ད་ལྟ་དགོན་སྡེ་ཁག་གི་གྲྭ་ཆུང་རྣམས་ལ་ཞིབ་འཇུག་གི་ལས་གཞི་སྤེལ་བཞིན་ཡོད་ཅེས་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠:༠༠ སྟེང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག བཞུགས་སྒར་དྷ་སའི་ཉེ་འཁྲིས་སུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སྨན་པ་ཚོར་མཆིན་ནད་དང་དུག་ཐབས་ཁ་པའི་ནད་གཞི་སྔོན་འགོག་དང་སྨན་བཅོས་ཞུ་ཕྱོགས་སྐོར་ནས་ཉིན་གྲངས་ ༢ རིང་གི་ཚོགས་འདུ་ཞིག་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གི་དབུས་སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་། མཆིན་ནད་ཆེད་མཁས་པ་སྨན་པ་ཨ་ཇའེ་ཀུ་མུར་ (Dr. Ajay Kumar) ལགས་སོགས་ཕེབས་འདུག་ལ། ཐེངས་འདིའི་ཚོགས་འདུར་བདེ་ལེགས་སྨན་ཁང་དང་ས་གནས་འཕྲོད་བསྟེན་ཡན་ལག་སྨན་ཁང་ཁག་བརྒྱད་ཀྱི་སྨན་པ། དེ་བཞིན་སྨན་རྩིས་ཁང་གི་སྨན་པ་དང་དྷ་སྟེང་བོད་ཁྱིམ་གྱི་སྨན་པ་སོགས་ཁྱོན་སྨན་པ་ ༣༠ ཙམ་འཛོམས་འདུག

མཛད་སྒོའི་ཐོག་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས། ཕྱི་ལོ་ ༢༠༡༤ ཙམ་ནས་འཕྲོད་བསྟེན་ལས་ཁུངས་ནས་མཆིན་པའི་གཉན་ཚད་ཀྱི་ནད་གཞིའི་ཐད་ཞིབ་འཇུག་བྱ་རྒྱུའི་ལས་རིམ་ཤུགས་ཆེན་པོ་ཞིག་མགོ་བཙུགས་ཡོད་པ་དང་། ལྷག་པར་དུ་བུད་མེད་སྦྲུམ་མ་དང་གསར་དུ་བཙས་པའི་ཕྲུ་གུ་མཆིན་པའི་གཉན་ཚད་ཀྱི་ནད་གཞི་ཡོད་པའི་དོགས་གཞི་ཅན་རྣམས་ལ་དུས་ཐོག་སྔོན་འགོག་ཁབ་བརྒྱབས་པ་དང་།  དེ་བཞིན་ནད་གཞི་ཡོད་པ་ར་འཕྲོད་བྱུང་རྗེས་སྔོན་འགོག་གི་ཁབ་རྒྱག་པའི་ལས་གཞི་སྤེལ་ཏེ། ད་བར་སློབ་མ་ ༡༩༠༠༠ ཙམ་ལ་མཆིན་པའི་གཉན་ཚད་ཡོད་མེད་ཞིབ་འཇུག་བྱས་ཟིན་པར་བརྟེན། བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་ལ་མཆིན་པའི་གཉན་ཚད་ཡོད་མེད་ཞིབ་འཇུག་གི་ལས་གཞི་བསྒྲུབས་ཟིན་པ་ཆགས་ཀྱི་ཡོད་པ་དང་། ད་ལྟའི་ཆར་དགོན་སྡེ་ཁག་གི་གྲྭ་ཆུང་རྣམས་ལ་མཆིན་པའི་གཉན་ཚད་ཡོད་མེད་ཞིབ་འཇུག་གི་ལས་གཞི་ཞིག་སྤེལ་བཞིན་ཡོད་ནའང་། མཆིན་པའི་གཉན་ཚད་ཀྱི་ནད་གཞི་ནི་བོད་པའི་སྤྱི་ཚོགས་ནང་ཁྱབ་གདལ་ཤུགས་ཆེན་པོ་ཡོད་པ་རྒྱུན་ཏུ་གསུང་བཞིན་ཡོད་སྐོར་སོགས་གསུངས་སོང་།

ཡང་འཕྲོད་བསྟེན་བཀའ་བློན་མཆོག་གིས། དགོན་སྡེ་ཁག་གི་ནང་མཆིན་པའི་གཉེན་ཚད་ཀྱི་ནད་གཞི་ཤུགས་ཆེ་ཙམ་ཡོད་པའི་དབང་གིས་རྒྱུད་སྨད་གྲྭ་ཚང་གི་མཁན་པོ་ཞིག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེ་ལ་བརྟེན་ནས་ཕྱི་ལོ་ ༢༠༡༦ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ང་ཚོ་བོད་པའི་སྤྱི་ཚོགས་ནང་འཕྲོད་བསྟེན་སྔོན་འགོག་ཐོག་འཐུས་ཤོར་འགྲོ་ཡི་ཡོད་ས་རེད་ཅེས་བཀའ་ཕེབས་པའི་གཞི་རྩ་གཅིག་དེར་ཐུག་ཡོད་སྲིད་པ་རེད། དེ་བས་ང་ཚོས་གང་བྱེད་དགོས་འདུག ཇི་ལྟར་བྱེད་དགོས་འདུག དེ་དག་གི་ཐོག་ཚང་མས་འགན་བཞེས་པའི་ཐོག་ནས་ཤུགས་མ་བརྒྱབ་པར་མུ་མཐུད་རྒྱུན་རིང་གནས་ཚེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐུགས་ཕམ་འབྱུང་སྲིད་ལ། ང་ཚོས་དཀའ་ལས་ག་ཚོད་བརྒྱབ་པ་ཡིན་ནའང་དོན་འབྲས་མ་སོན་པའི་གནས་སྟངས་ཆགས་ཀྱི་ཡོད། ཅེས་གསུངས་སོང་།

ཐེངས་འདིའི་ཚོགས་འདུ་ཉིན་  ༢ རིང་སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་། རྒྱ་གར་གོུ་སྨན་པ་ཨ་ཇའེ་ཀུ་མུར་ལགས། དེ་བཞིན་སྨན་པ་བློ་བཟང་ཚེ་རིང་ལགས་དང་དཀོན་མཆོག་རྡོ་རྗེ། བསོད་ནམས་སྟོབས་རྒྱལ་སོགས་ནས་མཆིན་ནད་དང་དུག་ཐབས་ཁ་པའི་ནད་གཞི་སྔོན་འགོག་དང་སྨན་བཅོས་ཞུ་ཕྱོགས་སྐོར་གཏམ་བཤད་དང་དྲི་བ་དྲིས་ལན་གནང་བཞིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༣/༡༢

Leave a Reply