བུད་མེད་སྒེར་ལངས་ཐེངས་ ༦༠ པ་སྲུང་གཙི་ཞུས།

བོད་ཀྱི་བུད་མེད་ཚོས་རང་དབང་སྒེར་ལངས་གནང་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་ཐོག་བུད་མེད་ལྷན་ཚོགས་ཀྱིས་འབོད་སྐུལ་བཞི་གནང་། དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཙམ་གྱི་སྟེང་། བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྡོ་རིང་མདུན་དུ། བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་  ༡༢ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་བུད་མེད་ཚོས་རྒྱ་ནག་གཞུང་གི་བཙན་འཛུལ་ལ་ངོ་རྒོལ་ཆེད། རང་དབང་སྒེར་ལངས་གནང་སྟེ་ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་དང་། དམིགས་བསལ་སྐུ་མགྲོན་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག  དེ་བཞིན་དྷ་ས་གྲོང་སྡེའི་སྤྱི་ཁྱབ་ཟུར་པ་ལྕམ་སྐུ་ར་ཇི་ནེ་ཝ་སི་(Rajni Vyas)ལགས། གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་བཙུན་དགོན་ཁག་གི་བཙུན་མ་དང་། དྷ་རམ་ས་ལའི་བུད་མེད་རྣམས་དང་སློབ་ཕྲུག་བཅས་འཛོམས་འདུག

མཛད་རིམ་གྱི་ཐོག་མར་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ནས་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༠ པའི་བསྒྲགས་གཏམ་སྒྲོག་སྦྱང་གནང་སྐབས། དེ་རིང་བོད་ཀྱི་བུད་མེད་ཀྱི་སྒེར་ལངས་ཐེངས་ ༦༠ པ་སྲུང་བརྩི་ཞུ་བའི་སྐབས་འདིར་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་སླད་དུ་རང་སྲོག་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་ཕོ་མོ་ཡོངས་ལ་བོད་མི་ཕོ་མོ་ཡོངས་ནས་རྗེས་དྲན་གུས་འདུད་ཞུ་ཡི་ཡོད། ང་ཚོས་ཁོང་རྣམ་པའི་བློས་གཏོང་ལ་དྲན་གསོ་ཞུ་ཆེད་ནུས་པ་བསྐྱར་གསོ་བྱེད་པའི་ཐོག་ཆོད་སེམས་བརྟན་པོས་བོད་ཀྱི་འཐབ་རྩོད་དེ་དག་རྒྱུན་འཁྱོངས་བྱ་རྒྱུའི་དམ་བཅའ་འཇོག་རྒྱུ་ཡིན།

བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་བོད་པའི་བུད་མེད་ཚོས་ཆ་ཤས་གལ་གནད་ཆེན་པོ་བླངས་ཡོད་ལ་ད་དུང་ཡང་ལེན་མུས་ཡིན། ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་ལོ་རྒྱུས་ནང་བུད་མེད་ཚོས་ཆེས་ཐོག་མར་མངོན་གསལ་དོད་པོས་ཆབ་སྲིད་དང་བློ་གྲོས་ཀྱི་ནུས་མཐུ་ལྡན་པའི་ངང་རང་གི་འབོད་སྒྲ་བཏོན་ཡོད་པས། བོད་ཀྱི་བུད་མེད་ཚོས་བོད་ཀྱི་ལོ་རྒྱུས་ནང་ཁ་ལོ་བསྒྱུར་ཡོད། ཕྱི་ཟླ་ ༣ ཚེས་ ༡༢ ཉིན་བོད་ཀྱི་བུད་མེད་ཚོས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པར་ཞི་རྒོལ་སྒེར་ལངས་བྱས་ཏེ་འཚེ་མེད་ཞི་བའི་ལས་འགུལ་གྱི་རྨང་གཞི་ཐོག་མ་དེ་བཙུགས་ཡོད། གཞིས་ལུས་བུད་མེད་ཚོས་དྲག་གནོན་ཆེ་ཤོས་ཀྱི་སྲིད་དབང་ལ་བློ་སྟོབས་དང་སེམས་ཤུགས་ཆེན་པོས་གདོང་ལེན་བྱས་པའི་ཉེར་ལེན་གྱིས་བཙན་བྱོལ་ནང་ལའང་བོད་ཀྱི་བུད་མེད་ཚོས་རང་རེའི་ཆབ་སྲིད་ཀྱི་འཐབ་རྩོད་དེ་དག་སྡུག་རུས་དང་སྙིང་སྟོབས་ཆེན་པོས་རྒྱུན་འཁྱོངས་བྱེད་རྒྱུའི་སྤོབས་པ་སྟེར་ཡོད། ཅེས་བརྗོད་སོང་།

ཡང་བསྒྲགས་གཏམ་ནང་། རྒྱ་ནག་དམར་ཤོག་གི་མགོ་འཁྲིད་ཚོས་བོད་མི་རིགས་དེ་དག་འཛམ་གླིང་སྟེང་ནས་རྩ་མེད་བཟོ་རྒྱུའི་ངན་སེམས་བཅང་གི་ཡོད་ཅིང་། རྒྱ་གཞུང་གི་ངོས་ནས་བསམ་བཞིན་དུ་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བར་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ངོས་ལེན་མི་བྱེད་པ་དང་ངོ་རྒོལ་བྱེད་ནའང་། ད་དུང་མུ་མཐུད་དེ་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད། མ་ཟད་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡང་མཐའ་གཅིག་ཏུ་རྡོག་རོལ་གཏོང་བཞིན་ཡོད།

རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲག་གནོན་ཆེ་ཤོས་ཀྱི་སྲིད་དབང་འོག་བོད་ཀྱི་བུད་མེད་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་འོས་འདེམས་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་བརྟན་པོ་ཡོད་པའི་ཐོག་ཐབས་བྱུས་དེ་དག་ནི་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་དགེ་མཚན་ཆེ་ཤོས་ཤིག་ལ་ཆ་འཇོག་བྱེད་ཀྱི་ཡོད། བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༠ ཐོག་ང་ཚོས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་དབུ་འཁྲིད་ཁག གྲོས་ཚོགས་འཐུས་མི་ཁག རྒྱལ་སྤྱིའི་ཐོག་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ལག་གདང་སྦྲེལ་ནས་བོད་པའི་གནད་དོན་ཐོག་རྒྱབ་སྐྱོར་ཡོང་བར་འབོད་སྐུལ་ཞུ། ཞེས་བརྗོད་སོང་།

དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས། བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོ་ནི་ང་ཚོ་བུད་མེད་ཁག་ཅིག་གིས་ང་ཚོར་ཐོབ་ཐང་མི་འདུག ང་ཚོ་སྐྱིད་པོ་མི་འདུག་ལབ་ནས་ལངས་བཞག་པ་ཞིག་མ་རེད། བུད་མེད་སྒེར་ལངས་བྱེད་དགོས་དོན་ནི་ང་ཚོའི་སྐྱིད་པའི་རྒྱལ་ཁབ་ནང་རྒྱ་མིས་བཙན་འཛུལ་གྱིས་ང་ཚོར་གཉའ་གནོན་བཤུ་གཞོག་བྱས་པ་དེ་ང་ཚོས་འཁུར་ཐུབ་ཀྱི་མི་འདུག་ལབ་ནས་སྒེར་ལངས་བྱས་བཞག་པ་ཞིག་ཡིན་པར་བརྟེན། ག་དུས་ཡིན་ཡང་ཉིན་མོ་འདི་བརྗེད་རྒྱུ་མི་འདུག་བསམ་གྱི་ཡོད། དེ་བཞིན། དེ་རིང་འདིར་བཞུགས་པའི་སློབ་ཕྲུག་ཚོ་ཕལ་ཆེ་བ་བཙན་བྱོལ་ནང་གི་མི་རབས་བཞི་པ་མིན་ནམ་བསམ་གྱི་འདུག དེ་རིང་ཁྱེད་རང་ཚོའི་ཞལ་རས་ལ་བལྟས་དུས་ཕྱོགས་གཅིག་ནས་ང་སྐྱིད་པོ་བྱུང་། གང་ཡིན་ཟེར་ན། ང་ཚོ་གཙོ་བོ་༧སྐྱབས་མགོན་རིན་པོ་ཆེ་དང་ཡང་སྒོས་ཁོང་གི་བཀའ་སློབ་ལམ་སྟོན་ཐོག་ཤར་སྐྱོད་བྱེད་མཁན་མི་མང་པོ་ཞིག་གིས། སྐུ་ངལ་བསྐྱོན་པའི་ཐོག་ནས་ཁྱེད་རང་ཚོ་སློབ་གྲྭར་ཧྲ་ཐག་ཐག་འགྲོ་ས་ཡོད་པ། དེ་བཞིན། སྐད་ཡིག་ཐོག་ནས་ཡིན་ནའང་བོད་སྐད་ཞུས་མ་དགོས་པར་ལུང་པའི་སྐད་དང་ཕྱིའི་སྐད་ཡིག་སོགས་མི་དང་མི་འདྲ་འདྲ་བྱས་ནས་འགྲོ་ཐུབ་པ་ཞིག་ཆགས་བསྡད་ཡོད་པས་ང་སྐྱིད་པོ་བྱུང་། ཡང་ཕྱོགས་གཞན་པ་ཞིག་ནས་བསམ་བློ་བཏང་དུས་ང་ཚོ་དེ་རིང་འདིར་ག་རེ་བྱས་ནས་འཛོམས་པ་རེད། སུའི་ཆེད་དུ་འཛོམས་པ་རེད།  ག་རེ་བྱེད་རྒྱུ་ཡིན་ཞེས་དྲིས་པ་ཡིན་ན་དེའི་ལོ་རྒྱུས་དེ་ཏོག་ཙམ་ཁག་པོ་ཡོད་རེད། ག་རེ་བྱས་ནས་ཁག་པོ་ཡོད་རེད་ལབ་ན། ང་ཚོའི་རང་དབང་ཅན་གྱི་སྐྱིད་པའི་རྒྱལ་ཁབ་དེ་ཤོར་ནས་ལོ་ ༦༠ ཕྱིན་པ་དང་། བུད་མེད་ལྷན་ཚོགས་ཀྱི་སྒེར་ལངས་ཉིན་མོ་བྱུང་སྟེ་ལོ་མང་པོ་ཕྱིན་ཡོད་པ་རེད། དེ་བས་དེ་ཚོར་བསམ་བློ་ཞིག་བཏང་ནས་གོང་ནས་བཀའ་གནང་བ་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་བྱེད་དགོས་ཀྱི་ཡོད་པ་རེད་ལ། ང་ཚོས་བོད་ནང་གི་བོད་མིའི་གནས་སྟངས་སོགས་ལ་བསམ་བློ་བཏང་བ་ཡིན་ན་དངོས་གནས་སེམས་སྐྱོ་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། ང་ཚོ་འདིར་ཆར་པ་ཞིག་བབས་པ་ཡིན་ན་གྲང་གི་ཡོད་རེད་དེ། བོད་ནང་གི་བོད་མི་མང་པོ་ཞིག་གིས་རང་སྲོག་བློས་གཏོང་གནང་སྟེ་ཉི་མ་དེ་རིང་བར་དང་ད་ལྟ་ཡིན་ནའང་སོ་སོའི་ལུང་པའི་ཆེད་ག་རེ་བྱེད་དགོས་མིན་ནམ་བསམ་པ་མང་པོ་ཡོད་སྟབས། ཁོང་རྣམ་པའི་བཀའ་དྲིན་རྩ་བ་ནས་མ་བརྗེད་པའི་ཐོག ང་ཚོ་རང་དབང་ལུང་པའི་ནང་ཡོད་པ་ཚོས་ག་རེ་བྱེད་ཐུབ་ཀྱི་ཡོད་པར་གཟིགས་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས་སོང་།

དམིགས་བསལ་སྐུ་མགྲོན་གྲོང་སྡེ་སྤྱི་ཁྱབ་ལྕམ་ར་ཇི་ནེ་ཝ་སི་ལགས་ཀྱིས། འདས་པའི་ལོ་ངོ་ ༦༠ རིང་ནས་ཁྱེད་ཚོས་འཐབ་རྩོད་བྱས་ནས་བསླེབས་ཡོད་པ་དང་། ཁྱེད་ཚོས་ཐོག་མར་རང་གི་ཕ་ཡུལ་བོད་གཡུགས་ཏེ་རྒྱ་གར་ལ་འབྱོར་དུ་ཡང་། རྒྱ་གར་གཞུང་གིས་དགའ་སྤྲོའི་ངང་ནས་འདིར་གནས་སྡོད་བཅུག་ཡོད་པ་ལྟར། དུས་ད་ལྟ་ཡང་ང་ཚོས་ཁྱེད་ཚོ་ནི་ཕྱི་མི་ཞིག་དང་། ཁྱིམ་མཚེས་ཤིག་ཏུ་འདོད་ཀྱི་མེད། ང་ཚོས་ཁྱེད་ཚོ་ནི་རང་གི་ནང་མི་ལྟ་བུ་ཞིག་ཏུ་རྩི་བཞིན་ཡོད་པས། ཁྱེད་ཚོ་ཕྱིར་ག་དུས་ལོག་ཡོང་བསམ་པ་མེད། ཅེས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དྷ་སར་བཞུགས་ཀྱི་ཡོད་པ་དེར་དགའ་སྤོབས་ཆེན་པོ་ཡོད་སྐོར་དང་། བོད་མི་རྣམས་ཀྱིས་གནས་དུས་གང་ལ་ཡང་བོད་དོན་ལས་འགུལ་རིགས་སྤེལ་ཚེ། དེར་མཉམ་ཞུགས་བྱེད་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས། ཕྱི་ལོ་ ༢༠༡༩ ལོ་ནི་ང་ཚོ་བོད་མིའི་རང་དབང་སྒེར་ལངས་བྱུང་སྟེ་ལོ་ ༦༠ འཁོར་བ་ཁོ་ན་མ་ཡིན་པར་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་ཤོག་ལ་བསྒྱུར་བ་ནས་བོད་མདོ་ཁམས་ཁུལ་ནས་རྒྱ་གཞུང་གིས་བོད་ས་ཡོངས་བཙན་འཛུལ་དང་ཧམ་བཟུང་བྱས་ཏེ་ལོ་ངོ་ ༧༠ འཁོར་བའི་ཆབ་སྲིད་ཀྱི་འགྲེལ་མཚོན་ལྡན་ཞིང་ལོ་རྒྱུས་ཀྱི་ཀྱོག་མཚམས་ཤིག་ཆགས་ཀྱི་ཡོད་སྟབས། དེ་ལ་ཐོག་མར་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་རང་གི་ལུས་སྲོག་ལོངས་སྤྱོད་ཡོངས་རྫོགས་བློས་གཏོང་མཁན་གྱི་དཔའ་བོ་དཔའ་མོ་རྣམ་གྱི་བློས་གཏོང་དང་ཆོས་སེམས། སྙིང་སྟོབས་སོགས་ཡིད་ལ་དྲན་བཞིན་ཁོང་རྣམ་པར་གུས་འདུན་ཞུ་ཡི་ཡོད། ད་ལྟའི་ཆར་བོད་ཀྱི་གནས་སྟངས་དེ་ག་འདྲ་ཞིག་ཏུ་ཆགས་ཡོད་པ་རེད་ཞུས་པ་ཡིན་ན། ཆེས་དམ་དྲག་གིགནས་སྟངས་འོག བོད་དེ་བཙོན་ར་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད། དེར་བརྟེན། གཞིས་ལུས་རྒྱ་ཆེ་མང་ཚོགས་དང་ལྷག་པར་དུ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མཐའ་ན་གཞས་ལ་དགའ་ཞེན་གནང་མཁན་ཚོ་ཡིན་ནའང་རྒྱལ་ཁབ་མགོ་སྟེང་སློག་པའི་ཉེས་མིང་འོག་བཙོན་ཁང་དུ་ཚུད་དེ་ཉིན་མཚན་མ་འཁྱོལ་བའི་གནས་སྟངས་ཡོང་གི་ཡོད་སྟབས་ཁོང་རྣམ་པར་གདུང་སེམས་སྐྱེད་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་མེད་སྐོར་ལ་ཁོང་གིས། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ལབ་ན་ག་རེ་ཟེར་གྱི་ཡོད་པ་རེད་ཅེ་ན་སློབ་ཕྲུག་ཚོའི་མཁྱེན་རྟོགས་ཆེད་ཅིག་ཞུས་པ་ཡིན། རྡོག་རོལ་ཟེར་དུས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ལ་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་བྱེད་རྒྱུ་ཡོད་བཞིན་པ་རེད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཆ་རྐྱེན་ཁག་ལ་རྒྱ་ནག་གིས་ངོས་ལེན་ཡོད་ཅེས་ས་ཡིག་བརྒྱབས་བསྡད་པའི་རྒྱལ་ཁབ་ཞིག་ཆགས་ཀྱི་ཡོད་རེད། འོན་ཀྱང་། ང་རང་ཚོའི་བོད་ལ་ཡོད་པའི་བོད་མི་ཚོར་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ཡོད་པ་མ་རེད། ཕྱི་ནས་ཡོང་བའི་རྒྱ་མི་ཚོར་རྦད་དེ་རང་དབང་བྱས་ནས་འགྲོ་རྒྱུའི་ཐོབ་ཐང་ཡོད་པ་རེད། ཡིན་ནའི་མདོ་དབུས་ཁམས་གསུམ་གྱི་བོད་པ་ཚོ་ཁམས་ནས་དབུས་སུ་འགྲོ་བར་ལག་འཁྱེར་མང་པོ་ལེན་དགོས་པ་དང་འགོག་སྒོ་མང་པོ་བརྒྱུད་དྲི་བ་འདྲི་སོགས་འགྲོ་བསྐྱོད་བཀག་སྡོམ་དང་མཐའ་ན་སོ་སོའི་ཕ་མ་སྤུན་མཆེད་སོགས་ལའང་ཐུག་འཕྲད་བྱེད་ཐུབ་མེད་པས་འགྲོ་བ་མིའི་ཐོབ་ཐང་ཡོད་པ་མ་རེད། ཅེས་དང་། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། སྐད་ཡིག་རང་དབང་སོགས་བཀག་སྡོམ་གྱིས་བོད་མི་རིགས་རྩ་གཏོར་བྱེད་ཐབས་སུ་ཆབ་སྲིད་ཀྱི་གཡོ་ཇུས་མང་པོ་ལག་བསྟར་བྱེད་བཞིན་པའི་སྐབས་འདིར་བོད་མི་ཚོའི་ནམ་ཞག་རྒྱུན་ལྡན་གྱི་བྱེད་སྒོ་རྣམ་གསུམ་ནང་ཁྱད་པར་བཟོས་པ་ཡིན་དཔའ་བོ་དཔའ་མོའི་རྗེས་དྲན་དངོས་གནས་ཤིག་ཆགས་ཀྱི་ཡོད་སྐོར་དང་། གཞན་བོད་མི་ཚོས་འདིར་སྐད་ཆ་རྫིག་པོ་དང་སྐུ་མགྲོན་མང་པོ་སྐད་བཏང་སྟེ་མཛད་སྒོ་འདྲ་ཆགས་པོ་སོགས་ནམ་རྒྱུན་བཤད་བསྡད་པའི་སྐད་ཆ་དང་ལྡོག་ཕྱོགས་བྱས་བསྡད་པ་ཡིན་ན། བོད་མི་རིགས་ཀྱིས་སྐུལ་བའི་ལས་འགུལ་དེ་རྩ་བ་ནས་འགྲུབ་ཀྱི་མེད་སྐོར། དེ་བཞིན། བུད་མེད་སྒེར་ལངས་ཀྱི་གཞས་ཚིག་ནང་གཅིག་སྒྲིལ་མེད་དུ་མི་རུང་བ་ཡིན་པ་གསལ་དོན་ལྟར་བོད་ཀྱི་འཐབ་རྩོད་ལ་ཆོལ་གསུམ་གཅིག་སྒྲིལ་གལ་ཆེན་ཡིན་ན་ཆོལ་གསུམ་གཅིག་སྒྲིལ་ཡོང་བར་མི་རེ་ངོ་རེ་ནས་ནུས་པ་ག་རེ་འདོན་ཐུབ་པར་བལྟ་རྒྱུ་གལ་ཆེན་དང་། ཁ་ནས་གཅིག་སྒྲིལ་བཤད་ལག་ལེན་ཐོག་གཅིག་སྒྲིལ་མེད་པའི་ལས་ཀ་རྐྱང་བྱས་བསྡད་ན་གཅིག་སྒྲིལ་ཁ་ནས་བཤད་མ་བཤད་ཁྱད་པར་གང་ཡང་མེད་སྐོར་སོགས་གསུངས་སོང་།

ཐེངས་འདིའི་དུས་དྲན་གྱི་འབོད་སྐུལ་ ༤ནི།  གཅིག  ང་ཚོས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ལ་རྒྱ་ནག་གི་མགོ་འཁྲིད་ཚོར་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་དབུ་མའི་ལམ་གྱི་ཐབས་བྱུས་ཐོག་ནས་བོད་ཀྱི་དཀའ་རྙོག་དེ་དག་ཞི་བའི་ངང་སེལ་ཆེད་བོད་རྒྱ་དབར་གྱི་གྲོས་མོལ་བསྐྱར་གསོ་གནང་རྒྱུར་སྐུལ་མ་ཡོང་བའི་འབོད་སྐུལ་ཞུ།

གཉིས། ང་ཚོས་ཞི་ཅིང་ཕིང་ལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་རྒྱུ་མཚམས་འཇོག་དང་གསར་འགོད་རང་དབང་སྤྲོད་རྒྱུར་འབོད་སྐུལ་ཞུ།

གསུམ། ང་ཚོས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་ཚོགས་ཆུང་ལ་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གང་མགྱོགས་ཀློད་གྲོལ་ཡོང་སླད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུའི་འབོད་སྐུལ་ཞུ།

བཞི། ང་ཚོས་རྒྱལ་སྤྱིའི་ཆོས་ཕྱོགས་ཀྱི་བུད་འཁྲིད་ཚོར་བོད་ནང་ཆོས་དད་རང་དབང་སྲུང་སྐྱོབ་བྱེད་ཆེད། ཆོས་ལུགས་དྲག་གནོན་གྱི་གནད་དོན་ཐོག་ཞུ་འབོད་གང་མང་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་བཅས་རེད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༣/༡༩

Leave a Reply