ཤིན་ཅང་གི་སྒྱུར་བཀོད་ཁང་དག་ལ་འགྱུར་བ་གཏོང་རྒྱུ་ཡིན་ཟེར།

ཤིན་ཅང་གི་མགོ་འཁྲིད་ཀྱིས་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དུ་བཀག་སྐྱིལ་ཁང་ངམ་སློབ་གསོ་སྒྱུར་བཀོད་ཁང་ཟེར་བ་ཞིག་མེད་ཀྱང་སྦྱོང་བརྡར་ལྟེ་གནས་ཁང་རྣམས་ཀྱི་མི་གྲངས་ཉུང་འཕྲི་དང་དགོས་གལ་མེད་ན་རིམ་གྱིས་སྒོ་བརྒྱབ་ནའང་འགྲིག་ཅེས་བརྗོད་འདུགཁ་སང་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་དང་བསྟུན། པེ་ཅིན་མི་མང་ཚོགས་ཁང་ཆེན་མོའི་ནང་ ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་ཁྲིན་ཆན་ཀོ་(Chen Quanguo)དང་། ཤིན་ཅང་རང་སྐྱོང་ཁུལ་མི་མང་སྲི་གཞུང་གི་མགོ་འཁྲིད་ཤོ་རཌ་ཛ་ཀིར་(Shohrat Zakir) ཟེར་བ་གཉིས་ཀྱི་གཙོས་ཤིན་ཅང་དང་སོག་པོ་སོགས་ཀྱི་ཆེས་མཐོའི་དཔོན་རིགས་ ༦༠ ལྷག་གིས། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་འདུ་འཛོམས་ཤིག་བསྐོངས་བའི་ཐོག ཤིན་ཅང་ཁུལ་གྱི་སྒྱུར་བཀོད་ཁང་དག་གི་ནང་བཙོན་པ་ཇེ་ཉུང་དུ་གཏོང་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

ཐེངས་འདིའི་གསར་འགོད་འདུ་འཛོམས་ཐོག རྒྱལ་སྤྱིའི་གསར་འགོད་པ་ཞིག་གིས་ཤིན་ཅང་ཁུལ་དུ་སློབ་གསོ་བསྒྱུར་བཀོད་ཁང་ཡོད་མེད་དང་། དེ་དག་གི་ནང་བཙོན་པ་ཅི་ཙམ་ཡོད་མེད་དྲིས་པར། ཤིན་ཅང་རང་སྐྱོང་ཁུལ་མི་མང་སྲི་གཞུང་གི་མགོ་འཁྲིད་ཤོ་རཌ་ཛ་ཀིར་(Shohrat Zakir) ཟེར་བ་དེས། སྤྱིར་སྦྱོང་བརྡར་ལྟེ་གནས་དེ་དག་ནང་མི་ཇེ་ཉུང་དུ་འགྲོ་རྒྱུ་ཡིན་པ་དང་། གལ་ཏེ་ཉིན་ཞིག་སྤྱི་ཚོགས་ཀྱི་ངོས་ནས་ལྟེ་གནས་དེ་དག་དགོས་གལ་མཐོང་གི་མེད་ཚེ། རིམ་པས་མེད་པར་ཆག་རྒྱུ་རེད། ཅེས་ལན་འདེབས་བྱས་ཡོད་པ་དང་། འདས་ལོ་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་དང་རྒྱལ་ཁབ་མང་པོས། རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་གྱི་ཡུ་གུར་བ་དང་ཁ་ཆེ་བ་གཞན་བཅས་མི་གྲངས་ས་ཡ་ ༡ ལས་འགལ་བ་སློབ་གསོ་བསྒྱུར་བཀོད་ཁང་ནང་བཅུག་སྟེ། ཁོ་ཚོར་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཀྱི་ཡོད་པ་མ་ཟད། རང་གི་ཕ་མེས་ཡང་མེས་ཀྱི་ཆོས་ལུགས་ཀྱི་བྱེད་སྒོ་རྣམས་མེད་པར་བཟོ་དགོས་པའི་བཙན་བཀའ་གཏོང་གི་ཡོད་པར་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། ཉེ་ཆར་ནས་རྒྱ་ནག་གི་མཐུན་གྲོགས་རྒྱལ་ཁབ་ཊར་ཀི་(Turkey)ཡིས་ཀྱང་རྒྱ་ནག་ལ་མངོན་གསལ་དོད་པོས་སྐྱོན་བརྗོད་དང་། ཊར་ཀིའི་མི་རིགས་ཁོངས་སུ་ཚུད་པའི་ཡུ་གུར་བ་རྣམས་ཀྱི་ཆོས་དད་རང་དབང་སོགས་རྡོག་རོལ་གཏོང་རྒྱུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

ཁ་སང་གི་གསར་འགོད་འདུ་འཛོམས་ཐོག་ཤོ་རཌ་ཛ་ཀིར་ཟེར་བ་དེས། མི་རེ་ཟུང་གིས་རྒྱལ་སྤྱིའི་སྟེང་ནས་ཤིན་ཅང་ཁུལ་དུ་བསྒྱུར་བཀོད་ཁང་ངམ། ཆབ་སྲིད་བསྒྱུར་བཀོད་ཁང་ཡོད་སྐོར་བརྗོད་ཀྱི་ཡོད་ཀྱང་། དེ་དག་ནི་རྫུན་བཤད་ཁོ་ན་རེད། དོན་དངོས་ཐོག་ལྟེ་གནས་དེ་དག་ནི་སློབ་མ་ཚོས་རིན་མེད་ཐོག་ནས་བཟའ་བཏུང་དང་གནས་སྡོད་བྱེད་སའི་གཏན་སྡོད་སློབ་གྲྭ་ལྟ་བུ་རེད། ཅེས་བརྗོད་ཡོད་པ་མ་ཟད། རྒྱ་ནག་གི་གཞུང་འབྲེལ་འགྲེལ་བརྗོད་ལྟར། ལྟེ་གནས་ཁང་དེ་དག་ནང་ལག་ཤེས་སློབ་སྦྱོང་དང་། བཟའ་བཏུང་། སྡོད་གནས་སོགས་རིན་མེད་ཐོག་ནས་སྦྱིན་གྱི་ཡོད་པ་དང་། རང་གི་འདོད་པ་ལྟར་ལག་ཤེས་སློབ་སྦྱོང་ནང་འཛུལ་ཞུགས་བྱེད་མཁན་རྣམས་ཕྱིར་རང་ཁྱིམ་དུ་ལོག་རྒྱུའི་རང་དབང་ཆ་ཚང་ཡོད་སྐོར་ཡང་བརྗོད་འདུག

ཐེངས་འདིའི་གསར་འགོད་འདུ་འཛོམས་དང་འབྲེལ་བའི་སྐོར་ནས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཞིབ་འཇུག་པ་པེ་ཊི་རིག་པུན་ཞེས་པས། རྒྱ་ནག་གཞུང་གིས་དུས་རྒྱུན་ནས་ལྟེ་གནས་ཁང་དེ་དག་ནང་ས་གནས་མི་མང་རྣམས་ལ་ལས་རིགས་ཟབ་སྦྱོང་དང་ལྟ་རྟོག་བཟང་པོ་བྱེད་ཀྱི་ཡོད་ཚུལ་བརྗོད་ཀྱི་ཡོད་པ་དེ་བདེན་པ་ཡིན་ན། ལྟེ་གནས་དེ་དག་སྒོ་བརྒྱབ་དགོས་དོན་ག་རེ་རེད། བཤད་སྟངས་དེ་ཁོ་ཚོའི་སྐད་ཆ་ལ་འགལ་ཟླར་སོང་འདུག ཅེས་དང་། ཁོ་ཚོའི་ལན་འདེབས་ལ་བལྟས་ན། རྒྱལ་སྤྱིའི་གནོན་ཤུགས་ཀྱི་རྐྱེན་པས་བཙོན་པའི་གྲངས་འབོར་ཉུང་འཕྲི་བྱེད་ཀྱི་ཡོད་པ་རེད་ལ། དོན་དངོས་ཐོག་ལྟེ་དེ་དག་ནི་ཁོ་ཚོས་བཤད་བཞིན་པའི་ལས་རིགས་སྦྱོང་བརྡར་ལྟེ་གནས་ཤིག་མིན་པར་བཙོན་འཇུག་བཀག་ཉར་བྱེད་སའི་ལྟེ་གནས་ཤིག་ཡིན་པ་རེད། ཅེས་བརྗོད་འདུག

རྒྱལ་སྤྱིའི་སྤྱི་ཚོགས་ནང་ཤིན་ཅང་གི་གནད་དོན་དེར་དོ་སྣང་ཇེ་ཆེར་དང་གླེང་སློང་བྱེད་ཤུགས་ཆེ་རུ་སོང་བ་དང་བསྟུན། འདི་ལོའི་ཕྱི་ཟླ་ ༢ པའི་ནང་ཊར་ཀིའི་ཕྱི་སྲིད་བློན་ཆེན་མེབ་ལ་ཏི་ཀ་ཝུ་སོག་ལུ་(Mevlut Cavusoglu) ཡིས། རྒྱ་ནག་གིས་དུས་རབས་ཉེར་གཅིག་པའི་ནང་ཆབ་སྲིད་བསྒྱུར་བཅོས་ཁང་བསྐྱར་གསོ་བྱེད་ཀྱི་ཡོད་པ་དང་། ཤིན་ཅང་ཁུལ་དུ་ཡུ་གུར་བ་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་སྐོར་གྱི་སྐྱོན་བརྗོད་བྱས་ཡོད་པ་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་ལྕམ་མི་ཤལ་བྷེ་ཆེ་ལེཌ་(Michelle Bachelet) ལགས་ཀྱིས་ཀྱང་། ཤིན་ཅང་ཁུལ་དུ་གར་སོང་ཆ་མེད་དང་བཙོན་འཇུག་བཀག་ཉར་གྱི་གནད་དོན་སྐོར་ལ་རང་དབང་ཅན་གྱི་ཞིབ་འཇུག་ཅིག་གནང་འདོད་ཡོད་སྐོར་བརྗོད་ཡོད་པ་རེད། དེ་བཞིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚོགས་པའི་འཐུས་ཚབ་སྐུ་ཞབས་སེམ་བྷ་རོན་བྷེག་ལགས་ཀྱིས། ཤིན་ཅང་ཁུལ་དུ་བཙུགས་པའི་བསྒྱུར་བཀོད་ཁང་དེ་དག་ནི་གྲངས་ཉུང་སྤྱི་ཚོགས་ཤིག་གི་རིག་གནས་དང་ཆོས་ལུགས་བཅས་ངོ་བོ་རྩ་ཡལ་དུ་གཏོང་ཆེད་བསྐྲུན་པ་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད།

ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡ ཙམ་ནས་བཟུང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་ནང་སློབ་གསོ་སྒྱུར་བཀོད་ཁང་མང་པོ་བཙུགས་ཏེ། ཡུ་གུར་བ་དང་རྒྱ་རིགས་ཁ་ཆེ་བ་ས་ཡ་གཅིག་ལྷག་བཀག་ཉར་འོག་ཡོད་པའི་གནས་ཚུལ་རིམ་བཞིན་ཐོན་ཡོད་པ་མ་ཟད།  སྒྱུར་བཀོད་ཁང་དེ་དག་ནང་ཆོས་ལུགས་དད་མོས་དང་མི་རིགས་ཀྱི་ལྟ་བ་བཙན་གྱིས་འདོར་བཅུག་སྟེ་གུང་ཁྲན་ཏང་ལ་ཡིད་ཆེས་དང་དགའ་མོས། བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲང་དགོས་པའི་བཙན་སྐུལ་དང་རྡུང་རྡེག་མནར་གཅོད་གཏོང་གི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། དང་ཐོག་རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་སློབ་གསོ་སྒྱུར་བཀོད་ཁང་ཟེར་བ་ཞིག་མེད་ཚུལ་བརྗོད་དེ་ངོས་ལེན་བྱས་མེད་ཀྱང་། སློབ་གསོ་སྒྱུར་བཀོད་ཁང་དེ་དག་ནས་ཀློད་པའི་མི་དང་འབྲེལ་ཡོད་གཉེན་ཉེ་སོགས་ནས་སྒྱུར་བཀོད་ཁང་དེ་དག་ནང་སོ་སོའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཆོག་གི་མེད་པ་མ་ཟད། ཉིན་རྒྱུན་ལྟར་ཞི་ཅིན་ཕིང་གི་ཆབ་སྲིད་ལྟ་གྲུབ་སོགས་ལ་སློབ་སྦྱོང་དང་བློ་རྒྱུགས་གཏོང་དགོས་ཀྱི་ཡོད་པ་སོགས་སོ་སོས་དངོས་སུ་མྱངས་བའི་དཀའ་སྡུག་དང་། ཕ་མ་བུ་ཕྲུག་དང་གཉེན་ཉེ་སོགས་ཁ་བྲལ་དུ་བཏང་བའི་གནས་ཚུལ་མང་པོ་ར་སྤྲོད་བྱས་རྗེས། རྒྱ་ནག་གཞུང་ནས་ཤིན་ཅང་ཁུལ་དུ་ཆབ་སྲིད་བསྒྱུར་བཀོད་ཁང་ཟེར་བ་ཞིག་མེད་ཀྱང་། ལས་རིགས་སྦྱོང་བརྡར་ལྟེ་གནས་ཁང་དེ་འདྲ་ཡོད་ལུགས་དང་།  དེ་ནི་སྤྱི་ཚོགས་བརྟན་བརླིང་དང་དྲག་སྤྱོད་པ་འབུར་འཇོམས་གཏོང་བའི་ལས་གཞི་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད། རྒྱ་ནག་གཞུང་གིས་གསང་བའི་ཐོག་ནས་ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་ཤིན་ཅང་ནང་སློབ་གསོ་སྒྱུར་བཀོད་ཁང་དེ་ཚོ་འཛུགས་སྐྲུན་མགོ་འཛུགས་བྱས་ཡོད་པ་དང་། ད་བར་ཤིན་ཅང་ཁུལ་དུ་ནང་མི་གཅིག་ཀྱང་སྒྱུར་བཀོད་ཁང་དུ་མ་བཅུག་པའི་དུད་ཁྱིམ་གཅིག་ཀྱང་མེད་སྐོར་བརྗོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༣/༡༣

Leave a Reply