ལི་མེན་ཁྲི་ཀློད་གྲོལ་གཏོང་རོགས།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ལི་མེན་ཁྲི་ཡི་བཟའ་ཟླས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ་རྒྱ་ནག་གཞུང་གིས་ལི་མེན་ཁྲི་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུགཁ་སང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པའེ་རུ། ཨ་རིའི་རྒྱལ་སྤྱིའིི་ཆོས་དད་རང་དབང་གི་སྐུ་ཚབ་སམ་བྷོན་བྷག (Sam Brownback) ལགས་དང་། རྒྱ་ནག་གཞུང་གི་བཙོན་འོག་ཏུ་ཡོད་པའི་ཐའེ་ཝན་ཀྱི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ལི་མེན་ཁྲི (Li Ming-che) ལགས་ཀྱི་བཟའ་ཟླ་ལི་ཁྲེན་ཡས་ (Li Ching-yu) གཉིས་མཉམ་འབྲེལ་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། སྐབས་དེར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་ནས་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཡོད་པའི་ལི་མེན་ཁྲི་ལགས་འཕྲལ་དུ་ཀློད་དེ་ཐའེ་ཝན་ནང་ཕྱིར་ལོག་གཏོང་དགོས་སྐོར་བརྗོད་འདུག

སྐབས་དེར་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སམ་བྷོན་བྷག་ལགས་ཀྱིས།  ཨ་རིའི་ངོས་ནས་རྒྱ་ནག་གཞུང་ལ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ལའེ་མིན་ཁྲི་ལགས་ཀློད་གྲོལ་བཏང་སྟེ། ཐའེ་ཝན་ནང་ཡོད་པའི་བཟའ་ཟླ་དང་ལྷན་འཛོམས་ཡོང་བ་དགོས་པ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་དོ་འཁུར་གནང་དགོས། ཞེས་བརྗོད་འདུག

ལི་ཡི་བཟའ་ཟླ་ལི་ཁྲེན་ཡས་ལགས་ཀྱིས་ངས་རྒྱ་ནག་གཞུང་ལ་བཟའ་ཟླ་དང་ཐུག་འཕྲད་ཀྱི་གོ་སྐབས་ཤིག་སྤྲོད་པའི་རེ་བ་ཐེངས་འགར་ཞུས་ཀྱང་། རྒྱ་ནག་གཞུང་གིས་དང་ལེན་རྩ་བ་ནས་བྱས་མེད་པ་དང་། འདི་ལྟ་བུའི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་ནི་རྒྱ་ནག་གིས་ཐའེ་ཝན་གཅིག་པོར་སྤྲོད་ཀྱི་ཡོད་པ་མིན་པར་འཛམ་གླིང་ཁྱོན་ཡོངས་ལ་གཅིག་མཚུངས་སུ་སྤྲོད་ཀྱི་ཡོད་པ་རེད། ཅེས་བརྗོད་དེ། རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་དོ་འཁུར་གནང་དགོས་པའི་འབོད་སྐུལ་ཞུས་འདུག

རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ལི་མེན་ཁྲི་ལགས་རྒྱལ་ཁབ་མགོ་རྟིང་སློག་ཐབས་བྱས་པའི་ཉེས་མིང་འོག ཕྱི་ལོ་ ༢༠༡༧ ཟླ་ ༣ པའི་ནང་འཛིན་བཟུང་གིས་ཉིན་གྲངས་ ༡༧༠ ལ་བཀག་ཉར་བྱས་རྗེས། ལོ་དེའི་ཕྱི་ཟླ་ ༩ པའི་ནང་རྒྱ་ནག་ཧུའུ་ནན་ཞིང་ཆེན་ཡེ་ཡང་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ལོ་ ༥ ཡི་ཁྲིམས་ཆད་བཅད་ཡོད་པ་རེད། ཁོང་ནི་ཐའེ་ཝན་གྱི་མི་སེར་ཞིག་གིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གླེང་སློང་དང་ལས་འགུལ་སྤེལ་བར་བརྟེན། རྒྱ་ནག་གཞུང་གིས་རྒྱ་ནག་ནང་འཛིན་བཟུང་བྱས་པའི་ཆབ་སྲིད་བཙོན་པ་དང་པོ་དེ་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག

ཁོང་ལ་ཁྲིམས་ཐག་བཅད་མ་ཐག་ཐའེ་ཝན་སྲིད་འཛིན་ལས་ཁུངས་ཀྱིས། ཐག་གཅོད་དེ་ནི་ངོས་ལེན་བྱེད་ཐབས་མེད་པ་དང་བློ་འགྱོད་སྐྱེ་དགོས་པ་ཞིག་ཡིན་པ་མ་ཟད། དེ་ནི་མཚོ་འགག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་གཞི་ཞིག་དང་། ལྷག་པར་དུ་ཐའེ་ཝན་མི་མང་ལ་ཡོད་པའི་དམངས་གཙོ་དང་རང་དབང་གི་ཡིད་ཆེས་ལ་ཁ་གཏད་བཅག་པ་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ལུའུ་ཁང་ (Lu Kang)གིས། རྒྱ་ནག་གཞུང་ནས་རྒྱ་ནག་གི་ཐའེ་ཝན་དང་ཨ་རིའི་བར་གཞུང་འབྲེལ་གྱི་ཐོག་ནས་འབྲེལ་འདྲིས་ག་རེ་བྱས་པ་ཡིན་ནའང་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་བསྐྱར་ནན་གྱིས་བརྗོད་པ་དང་འབྲེལ། ལི་མེན་ཁྲི་ཡི་གནས་ཚུལ་དེ་ནི་རྒྱ་ནག་ནང་སྲིད་ཀྱི་གནད་དོན་ཞིག་དང་། མཚོ་འགག་ཕྱོགས་གཉིས་ཀྱི་གནད་དོན་ཞིག་ཡིན། ཞེས་བརྗོད་ཡོད་པ་རེད།

ལི་མེན་ཁྲི་ལགས་ནི་ཕྱི་ལོ་ ༡༩༧༥ ལོར་ཐའེ་ཝན་དུ་སྐྱེས་པ་དང་། ཐའེ་ཝན་གྱི་རྒྱལ་ཡོངས་དམངས་གཙོ་ཡར་རྒྱས་ཚོགས་པའི་ཚོགས་མི་ཡིན་འདུག་ལ། ཝིན་ཧྲན་མཐོ་སློབ་ (Wenshan Community College) གྱི་འཛིན་སྐྱོང་འགན་འཛིན་གནང་ཡོད་འདུག ཁོང་ནི་འགྲོ་བ་མིའི་ཐོབ་ཐང་དང་དམང་གཙོ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་གཞི་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཞིག་དང་། ཐའེ་ཝན་དང་རྒྱ་ནག་ནང་གི་དམངས་གཙོ་སོགས་ཡར་རྒྱས་འགྲོ་བར་ལས་འགུལ་སྣ་མང་སྤེལ་ཡོད་པ་ལྟར།  ཁོང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཐབ་རྩོད་པ་སོགས་ལ་སྤྱི་ཚོགས་དྲ་ལམ་གྱི་གླེང་སྟེགས་ཤིག་བརྒྱུད་འབྲེལ་འདྲིས་དང་རྒྱུ་ཆ་མཁོ་སྤྲོད་སོགས་བྱས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༣/༡༣

Leave a Reply