ཡུ་རོབ་ཀྱིས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཡིན་ཟེར།  

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་གཉིས་ཡུ་རོབ་ནང་འགྲོ་འཆར་ཡོད་པ་དང་བསྟུན་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཚོང་འབྲེལ་གྱི་ལངས་ཕྱོགས་མཁྲེགས་པོ་འཛིན་དགོས་པའི་འབོད་སྐུལ་གནང་།རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༡༣ ཉིན་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་གཞུང་འབྲེལ་ཡིག་ཆ་ཞིག་བསྒྲགས་ཏེ། ཡུ་རོབ་མཉམ་འབྲེལ་ཚོགས་ཁོངས་ཀྱི་རྒྱལ་ཁབ་ཁག་གི་མགོ་འཁྲིད་ཚོས། རྒྱ་ནག་དང་འབྲེལ་བའི་ཚོང་འབྲེལ་རིགས་ལ་ཁ་གཏད་དང་ལངས་ཕྱོགས་མཁྲེགས་འཛིན་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་འདུག

འབོད་སྐུལ་དེའི་དགོས་དམིགས་ནི་རྒྱ་ནག་དང་ཡུ་རོབ་བར་གཞུང་འཛིན་ཆབ་སྲིད་ཀྱི་ལྟ་གྲུབ་མི་འདྲ་བ་དང་། རྒྱ་ནག་ནི་ཁྲོམ་རའི་འགྲན་རྩོད་པ་ཞིག་ཡིན་པ། དེ་བཞིན་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་དང་ཧྭ་ཝེ་ཡི་འཕྲུལ་རིགས་ཐོན་རྫས་སོགས་ཡུ་རོབ་ནང་དར་ཁྱབ་ཏུ་བཏང་སྟེ། ཡུ་རོབ་ནང་ཁུལ་དུ་འགལ་ཟླ་དང་ཡུ་རོབ་ཀྱི་བཟོ་གྲྭ་ཁག་ལ་ཚད་འཛིན་རང་བཞིན་གྱི་ཐོག་ནས་རྒྱ་ནག་ནང་ཚོང་འབྲེལ་བྱེད་དུ་བཅུག་པ་སོགས་ལ་གདོང་ལེན་བྱེད་པའི་ཆེད་དུ་ཡིན་འདུག་ལ། ཆབ་སྲིད་དཔྱད་བརྗོད་པ་ཚོས་གནད་དོན་འདིས་ཡུ་རོབ་དང་རྒྱ་ནག་བར་གྱི་འབྲེལ་ལམ་རྣམས་མ་འོངས་པར་ནག་གསུབ་གཏོང་ཐབས་ཤིག་ཡིན་སྐོར་བརྗོད་ཡོད་འདུག

གཞུང་འབྲེལ་ཡིག་ཆ་དེ་བསྒྲགས་རྗེས།  ཁ་སང་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ལུའུ་ཁང་ཟེར་བ་དེས། རྒྱ་ནག་དང་ཡུ་རོབ་བར་འགྲན་རྩོད་ཡོད་ཀྱང་། ང་ཚོས་ཀུན་སློང་བཟང་ཕྱོགས་ནས་འཁྱེར་ཏེ་འགྲན་རྩོད་འདི་ཕན་ཚུན་དགྲ་ལྟ་བུར་ངོས་འཛིན་མ་བྱས་པར་འགྲོ་ཡི་ཡོད། ཅེས་བརྗོད་འདུག

ཡང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ནང་། ཨ་རིའི་སྣེ་འཁྲིད་འོག་ཡུ་རོབ་མཉམ་འབྲེལ་གྱི་ལས་འཛིན་ལྷན་ཚོགས་(European Commission)དང་། ཡུ་རོབ་མཉམ་འབྲེལ་གྱི་སྤྱི་ཁྱབ་ལས་ཁུངས་EU’s executiveགཉིས་ཀྱིས། རྒྱ་ནག་ནི་ཚོང་འབྲེལ་དང་གཞུང་འཛིན་ལངས་ཕྱོགས་ལོགས་སུ་ཡོད་པའི་ཁ་གཏད་པ་ཞིག་ཡིན་པ་དང་། ཡུ་རོབ་མཐུན་ཚོགས་ཀྱི་མགོ་འཁྲིད་ཚོས་སྦིར་ཛིལ་དུ་དོན་ཚན་བཅུ་ཅན་གྱི་འཆར་གཞི་ལག་བསྟར་(10-Point Action Plan)ཞེས་པ་གཏན་འབེབ་བྱས་ཏེ། ཡུ་རོབ་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་བྱེད་པ་དང་། རྒྱ་ནག་དང་ཡུ་རོབ་བར་དྲང་སྙོམ་དང་འདྲ་མཉམ་གྱི་ཐོག་ནས་བྲིན་རྒྱུག་ཆེ་བའི་ཚོང་འབྲེལ་ཡོང་ཐབས་ཀྱིས་ཨེ་ཤ་ཡའི་ཤུགས་རྐྱེན་ལ་ཁ་གཏད་གཅོག་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཡུ་རོབ་མཐུན་ཚོགས་ཀྱི་འབོད་སྐུལ་དེ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་གཉིས་ཡུ་རོབ་དང་རྒྱ་ནག་བར་གྱི་ལོ་འཁོར་ཚོགས་འདུར་ཞུགས་ལ་ཉེ་བའི་གོང་དུ་སྤེལ་བ་ཞིག་ཡིན་ལ། གནད་དོན་དབྱེ་ཞིབ་པ་ཚོས་ཡུ་རོབ་མཐུན་ཚོགས་ཀྱི་ལངས་ཕྱོགས་འདིས་ཁོང་གཉིས་ཡུ་རོབ་ནང་མ་བསླེབ་གོང་ནས་པེ་ཅིན་གཞུང་ལ་གནོན་ཤུགས་སྤྲད་པ་ཞིག་ཡིན་པ་དང་། གནད་དོན་འདིས་ཡུ་རོབ་ནང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལས་གཞི་གཙོས་ཧྭ་ཝེ་ཡི་དྲ་ལམ་དབང་བསྒྱུར་སོགས་ལ་བཀག་འགོག་ཡོང་ཆེད་ཙམ་མ་ཟད། ཡུ་རོབ་ནང་ཁུལ་དུའང་རྒྱ་ནག་གི་ཚོང་འབྲེལ་ཐོག་འགལ་ཟླ་ཡོད་པ་རྣམས་སེལ་སླད་ཡིན་སྐོར་བརྗོད་ཀྱི་འདུག

པེ་ཅིང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་གནས་བབ་ཉམས་ཞིབ་པ་པན་ཊོ་ཡེན་(Pang Zhongying)གྱིས། གནས་བབ་ཁག་ཅིག་གི་ཐོག་ནས་བལྟས་པ་ཡིན་ན། འདི་ནི་རྒྱ་ནག་གཞུང་གཉིད་ལས་སད་དགོས་པའི་གནད་དོན་ཞིག་ཆགས་ཡོད། རྒྱུ་མཚན་ནི། ཨ་རྒྱ་གཉིས་ཀྱི་ཚོང་འཐབ་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར། རྒྱ་ནག་གི་མགོ་འཁྲིད་ཚོས་ཡུ་རོབ་དང་རྒྱ་ནག་གི་འབྲེལ་ལམ་ཇེ་བཟང་དུ་བཏང་སྟེ། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་འཐབ་འཁྲུག་ཁྲོད་ཀྱི་གནོད་ཤུགས་ལ་གཡོལ་བར་རེ་བ་རྒྱག་གི་ཡོད་པ་དེ་མཇུག་བསྡུ་སྲིད་པ་རེད། ཅེས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༣/༡༤

Leave a Reply