རྒྱ་གར་གཞུང་མང་གིས་རྒྱ་ནག་ལ་ངོ་རྒོལ་བྱེད་ཀྱི་འདུག

རྒྱ་ནག་གཞུང་གིས་མཱ་སུ་ཌི་ཨ་ཛར་དྲག་སྤྱོད་པའི་ཐོ་གཞུང་ནང་བཅུག་པར་བཀག་འགོག་བྱས་པར་བརྟེན་རྒྱ་གར་གཞུང་མང་གཉིས་ནས་འཁོན་ལན་སློག་གི་འདུག 
ཁ་སང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་ཆུང་ནང་། པཱ་ཀི་སི་ཐན་ནང་ཡོད་པའི་དཀོན་མཆོག་གི་དཔུང་དམག་ (Jaish-e-Mohammed) ཅེས་པའི་ཚོགས་པ་དེའི་མགོ་གཙོ་མཱ་སུ་ཌི་ཨ་ཛར་(Masood Azhar)། རྒྱལ་ཚོགས་ཀྱི་འཇིགས་སྐུལ་དྲག་སྤྱོད་པའི་ཐོ་གཞུང་ནང་བཅུག་པར་རྒྱ་ནག་གཞུང་གིས་བཀག་འགོག་བྱས་པར་བརྟེན། རྒྱ་གར་གཞུང་ནས་མི་མང་གི་དྲང་བདེན་རྩོད་ཆེད་ཐབས་ཤེས་ཡོད་དགུ་འདོན་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། མང་ཚོགས་ནས་རྒྱ་ནག་གི་ཚོང་ཟོག་རིགས་ཉོ་འཚོང་མཚམས་འཇོག་པའི་བྱེད་སྒོ་སྤེལ་ཀྱི་འདུག

རྒྱ་ནག་གཞུང་གིས་བཀག་འགོག་བྱས་རྗེས་རྒྱ་གར་ཕྱི་འབྲེལ་ལྷན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་གར་གྱི་མི་སེར་ལ་ཚད་ལས་རྒལ་པའི་འཇིགས་སྐུལ་དྲག་སྤྱོད་སྤེལ་མཁན་རྣམས་ལ་རྒྱ་གར་ངོས་ནས་ཡོད་དགུ་རྩལ་སྤྲུག་གིས་མི་མང་ལ་དྲང་བདེན་ཐོབ་ཐབས་བྱ་རྒྱུ་ཡིན། ཅེས་བསྒྲགས་ཡོད་པ་དང་།  དེ་རིང་ལྡི་ལིར་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་ནས་རྒྱལ་ཚོགས་ཀྱི་ཉེས་ཆད་ཚན་པ་དང་མུ་མཐུད་མཉམ་ལས་ཀྱིས། འཇིགས་སྐུལ་དྲག་སྤྱོད་པའི་ཐོ་གཞུང་དུས་ལྟར་ཁ་སྣོན་དང་འཁྲུལ་བ་མེད་པ་ཞིག་ཡོང་ཐབས་ལ་འབད་བརྩོན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

དེ་རིང་རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ལུའུ་ཁང་ (Lu Kang) གིས། ཚོགས་སྡེའམ་གང་ཟག་སྒེར་བ་གང་ཞིག་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་འཇིགས་སྐུལ་དྲག་སྤྱོད་པའི་ཐོ་གཞུང་ནང་འཇུག་པར་བརྒྱུད་རིམ་ངེས་ཅན་ཞིག་ཡོད་པ་དང་། རྒྱ་ནག་གིས་ཞིབ་ཚགས་དང་ནན་ཏན་ངང་དབྱེ་ཞིབ་བྱ་རྒྱུ་དང་། དེར་ད་དུང་དུས་ཚོད་འདང་ངེས་ཤིག་བྱུང་མེད་པ་རེད། ཅེས་བརྗོད་འདུག

རྒྱ་གར་ཀྱི་སྤྱི་ཚོགས་དྲ་ལམ་ཁག་ཏུ་རྒྱ་ནག་གིས་པཱ་ཀི་སི་ཐན་གྱི་དྲག་སྤྱོད་པར་རོགས་རམ་བྱེད་ཀྱི་ཡོད་སྟབས། རྒྱ་གར་གྱིས་གཞུང་འབྲེལ་གྱི་ཐོག་ནས་རྒྱ་ནག་ལ་ཚོང་འབྲེལ་གཅོད་དགོས་པ་དང་། རྒྱ་གར་བ་ཚོས་རྒྱ་ནག་གི་ཚོང་ཟོག་ཉོ་མཚམས་འཇོག་དགོས་སྐོར་བརྗོད་ཀྱི་འདུག་ལ། ཡང་རེ་འགས་རྒྱ་ནག་གིས་བཟོས་པའི་ཁ་པར་གྱི་མཉེན་ཆས་ (SHAREit) དང་(UCBrowser) སོགས་སོ་སོའི་ཁ་པར་ནང་ནས་གཡུགས་པ་ལ་པར་བརྒྱབས་ནས་དྲ་ལམ་དུ་བཀོད་པ་དང་། རྒྱ་གར་གྱིས་བོད་རང་དབང་ལ་རྒྱབ་སྐྱོར་བྱེད་དགོས་པ་སོགས་ཀྱི་ལབ་གླེང་མང་པོ་ཡོང་བཞིན་འདུག

དཀོན་མཆོག་གི་དཔུང་དམག་ཟེར་བའི་ཚོགས་པ་དེ་རྒྱ་གར་གཞུང་གིས་རྒྱལ་ཚོགས་ཀྱི་དྲག་སྤྱོད་པའི་ཐོ་གཞུང་ནང་འཇུག་དགོས་པའི་རེ་འདུན་བཏོན་པ་ཐེངས་བཞི་པ་དེ་ཡིན་འདུག་ལ། རྒྱ་ནག་གཞུང་གིས་རྒྱུན་ཏུ་རྒྱུ་མཚན་འདྲ་མིན་བཤད་དེ་མོས་མཐུན་བྱས་མེད་པ་རེད། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༤ ཉིན་རྒྱ་གར་གྱི་ཀཱ་ཤི་མུར་མངའ་སྡེའི་པལ་ཝ་མཱ་རྫོང་ཁོངས་སུ་རང་ཤི་གཏོར་རྒོལ་གྱི་དོན་རྐྱེན་ཚབས་ཆེན་བྱུང་སྟེ།  དམག་མི་ ༤༠ ལྷག་དམར་གསོད་བཏང་རྗེས། རྒྱ་གར་གཞུང་གིས་རྒྱལ་ཚོགས་ལ་དགོས་འདུན་ཐེངས་ ༣ པ་དེ་བཏོན་ཡོད་ཀྱང་རྒྱ་ནག་གཞུང་གིས་མོས་མཐུན་བྱས་མེད་འདུག

འཇིགས་སྐུལ་དྲག་སྤྱོད་པས་རྒྱ་གར་གྱི་དམག་མི་ ༤༠ ལྷག་དམར་གསོད་བཏང་རྗེས། བཞུགས་སྒར་དྷ་རམ་ས་ལའི་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་གཉིས་ཀྱི་གོ་སྒྲིག་འོག རྒྱ་གར་གཞུང་དམངས་གཉིས་ལ་གདུང་སེམས་མཉམ་སྐྱེད་དང་ཐུགས་གསོའི་ཆེད་བསྔོ་སྨོན་གསུང་འདོན་གནང་ཡོད་པ་དང་། དེ་བཞིན་དྷ་ས་ཁུལ་གྱི་ཡུལ་མི་ཚོའི་གོ་སྒྲིག་འོག དྷ་སའི་མེག་གྷན་ནས་གཙུག་ལག་ཁང་གི་དཔའ་བོ་དཔའ་མོའི་རྡོ་རིང་བར་མར་མེ་ཁྲོམ་སྐོར་ཞིག་ཀྱང་གནང་ཡོད་པ་དང་། སྐབས་དེར་བོད་མི་དམག་ཟུར་སོགས་སེར་སྐྱ་ཕོ་མོ་མང་པོ་མཉམ་ཞུགས་གནང་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༣/༡༤

Leave a Reply

One thought on “རྒྱ་གར་གཞུང་མང་གིས་རྒྱ་ནག་ལ་ངོ་རྒོལ་བྱེད་ཀྱི་འདུག