ཁ་ཆེའི་ལྷ་ཁང་དུ་དམར་གསོད་དོན་རྐྱེན་བྱུང་།  

ནེའུ་ཛི་ལན་ཌིའི་ལྷོ་ཤར་ཁུལ་དུ་ཁ་ཆེའི་ལྷ་ཁང་གཉིས་ཀྱི་ནང་སྨོན་ལམ་གསུང་འདོན་གནང་སྐབས་གློ་བུར་དུ་དྲག་སྤྱོད་པ་ཁག་ཅིག་གིས་གང་བྱུང་མེ་མདས་བརྒྱབས་ཏེ་མི་མང་པོར་ཤི་རྨས་བཟོས་ཡོད་འདུག དེ་རིང་ནེའུ་ཛི་ལན་ཌི་(New Zealand)རྒྱལ་ཁབ་ཀྱི་ལྷོ་ཤར་ཁུལ་དུ་ཆགས་པའི་ཀི་རིས་ཆར་ཆི་གྲོང་ཁྱེར་(Christchurch)གྱི་ཌི་ཨན་སི་ཨེ་ཝེ་ནིའུ་ས་ཁུལ་(Deans Avenue)དང་། ལིན་ཝུ་ཌི་ས་ཁུལ་(Linwood)དུ་ཡོད་པའི་ཁ་ཆེའི་ལྷ་ཁང་གཉིས་ཀྱི་ནང་སྨོན་ལམ་ཞལ་འདོན་ཚོགས་བཞིན་པའི་སྐབས་དང་བསྟུན། དྲག་སྤྱོད་པ་ཁག་ཅིག་གློ་བུར་དུ་ལྷ་ཁང་ནང་འཛུལ་ནས་གང་བྱུང་མེ་མདས་བརྒྱབས་ཏེ། མི་མང་པོར་ཤི་རྨས་བྱུང་ཡོད། བྷི་བྷི་སི་གསར་ཁང་གིས་མི་གྲངས་ ༤༩ རྐྱེན་འདས་དང་། མི་ ༢༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་སྐོར་བརྗོད་འདུག

དམར་གསོད་དོན་རྐྱེན་བྱུང་རྗེས་ཉེན་རྟོག་པས་དོགས་ཡོད་ཉེས་ཅན་སྐྱེས་པ་ ༣ དང་བུད་མེད་གཅིག་འཛིན་བཟུང་བྱས་ཏེ། ཁུལ་དེའི་ལྷ་ཁང་ཚང་མ་སྒོ་བརྒྱབས་ནས་སོ་སོའི་བདེ་འཇགས་ལ་ཡིད་གཟབ་དགོས་པའི་ཉེན་བརྡ་བཏང་ཡོད་པ་དང་།   ད་ལྟའི་ཆར་དྲག་སྤྱོད་པ་དེ་ཚོས་དམར་གསོད་བྱེད་དོན་ཅི་ཡིན་དང་མི་གྲངས་ག་ཚོད་ཅིག་ལ་ཤི་རྨས་བྱུང་ཡོད་སོགས་ཁ་གསལ་མི་འདུག དོན་རྐྱེན་བྱུང་རྗེས་མཱ་ལེ་ཞི་ཡ་དང་ཊོར་ཀེ། ཨིན་རྡུ་ཉི་ཞེ་ཡ་སོགས་ཀྱི་དབུ་འཁྲིད་ཚོས་ནེའུ་ཛི་ལན་ཌིའི་གཞུང་མང་གཉིས་ལ་སེམས་གསོ་ཞུས་འདུག

ཐེངས་འདིའི་དམར་གསོད་དོན་རྐྱེན་དང་དང་འབྲེལ་ནས་ནེའུ་ཛི་ལན་ཌིའི་སྲིད་བློན་ལྕམ་ཇེ་ཁིན་ཌ་ཨར་ཌེན་གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ངས་ད་ལྟ་ཐག་ཆོད་པོའི་སྒོ་ནས་མི་མང་ཇི་ཙམ་ཤི་རྨས་བྱུང་ཡོད་མེད་བཤད་ཐུབ་ཀྱི་མི་འདུག་ཀྱང་། དེ་རིང་ནི་ནིའུ་ཛི་ལེན་ཌིའི་ལོ་རྒྱུས་ཁྲོད་ཀྱི་ཆེས་མུན་ནག་གི་ཉིན་མོ་ཞིག་ཡིན་པ་བཤད་ཐུབ་ཀྱི་འདུག ཅེས་དང་། ཐེངས་འདིའི་དམར་གསོད་དོན་རྐྱེན་ནང་ཤི་རྨས་བྱུང་བའི་མི་མང་ཁྲོད་དུ་གནས་སྤོར་བ་དང་སྐྱབས་བཅོལ་བ་ཡོད་སྲིད་པ་དང་། ཁོ་ཚོས་ནིའུ་ཛི་ལེན་ཌི་རྒྱལ་ཁབ་འདི་རང་གི་ཕ་ཡུལ་དུ་ངོས་འཛིན་བྱས་ཡོད་པས། ཁོ་ཚོ་ནི་ནིའུ་ཛི་ལན་ཌིའི་མི་སེར་ཡིན། འོན་ཀྱང་དམར་གསོད་བྱེད་མཁན་རྣམས་ནིའུ་ཛི་ལན་ཌིའི་ནང་སྡོད་རྒྱུའི་ཐོབ་ཐང་མེད་ལ། ཐེངས་འདིའི་དོན་རྐྱེན་དེ་དྲག་སྤྱོད་པས་བཟོས་པ་ཞིག་ཡིན་སྐོར་བརྗོད་འདུགནེའུ་ཛི་ལན་གྱི་ཉེན་རྟོག་སྤྱི་ཁྱབ་དཔོན་པོ་མེག་བྷུ་ཤི་(Mike Bush)ཡིས། ཉེན་རྟོག་རུ་ཁག་གིས་ནུས་པ་ཡོད་ཚད་ཀྱི་ཐོག་ནས་དོགས་ཟོན་བྱེད་བཞིན་ཡོད་ཀྱང་། ད་དུང་ཡང་ཉེན་ཚབས་ཆེན་པོ་ཡོད་པས། མི་མང་རྣམས་ང་ཚོའི་གསལ་བསྒྲགས་མ་ཡོང་བར་དུ་ཕྱི་ལ་མ་འཐོན་པར་རང་ཁྱིམ་དུ་བཞུགས་རོགས། ཞེས་དང་། ཕ་མ་རྣམས་སློབ་གྲྭར་བྱིས་པ་ལེན་དུ་མི་འགྲོ་རྒྱུ་དང་། གལ་ཏེ་སེམས་འཚབ་ཡོད་ན་འབྲེལ་ཡོད་སློབ་གྲྭ་དང་རོགས་སྐྱོར་ཁང་སོགས་ལ་འབྲེལ་བ་བྱེད་དགོས་སྐོར་བརྗོད་འདུག

དོན་རྐྱེན་ཁྲོད་ནས་ཐར་བའི་ཡུལ་མི་ཞིག་གིས་གསར་འགོད་པར། ཁོས་ལག་ལ་མེ་མདའ་འཁུར་བའི་མི་ཞིག་གིས་ལྷ་ཁང་ནང་ཡོད་པའི་མི་ཞིག་གི་བྲང་ཁར་མེ་མདས་བརྒྱབས་པ་དངོས་སུ་མཐོང་བ་དང་། དེའི་རྗེས་སྐར་མ་ཉི་ཤུ་ལྷག་གི་རིང་བསྟུད་མར་མེ་མདས་བརྒྱབས་ཏེ། ཕལ་ཆེར་མི་གྲངས་ ༦༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་པའི་ཚོད་དཔག་བྱས་ཡོད་འདུག

སྤྱིར་བཏང་ནིའུ་ཛི་ལན་ཌི་ནི་མི་གསོད་དོན་རྐྱེན་བྱུང་དཀོན་པོའི་གྲས་སུ་རྩི་ཡི་ཡོད་ཀྱང་། ཕྱི་ལོ་ ༢༠༡༧ ལོར་རྒྱལ་ཡོངས་ནང་ཁྱོན་མི་གསོད་དོན་རྐྱེན་ ༣༥ བྱུང་ཡོད་པ་དང་། ཡུལ་དེའི་ལོ་རྒྱུས་ཁྲོད་དམར་གསོད་དོན་རྐྱེན་ཚབས་ཆེ་ཤོས་ནི། ཕྱི་ལོ་ ༡༩༩༠ ཟླ་ ༡༡ ཚེས་ ༡༣ ཉིན་མཚོ་མཐའི་གྲོང་ཚོ་ཨ་ར་མོ་ན་(Aramoana)ཞེས་པའི་ནང་། ཌེ་ཝིཌ་གྷེ་རེ་ཞེས་པའི་སྐྱེས་པ་ཞིག་གིས། ས་གནས་ཉེན་རྟོག་པ་ཚུད་པའི་མི་གྲངས་ ༡༣ དམར་གསོད་བཏང་བ་དེ་ཆགས་ཡོད་འདུག དོན་རྐྱེན་དེའི་རྗེས་ནིའུ་ཛི་ལན་ཌི་གཞུང་ནས་མི་སེར་གྱི་མཚོན་ཆ་བཀོལ་སྤྱོད་དང་ཉར་ཚགས་ཀྱི་ཁྲིམས་གཞི་དམ་དུ་བཏང་ཡོད་པ་མ་ཟད། དམག་དོན་མཚོན་ཆ་རིགས་ལ་དེ་བས་དམ་དྲག་ཆེན་པོ་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༣/༡༥

Leave a Reply

One thought on “ཁ་ཆེའི་ལྷ་ཁང་དུ་དམར་གསོད་དོན་རྐྱེན་བྱུང་།  

  1. ཁ་ཆེ་བ་དེ་དག་ནུབ་ཕྱོགས་རྒྱལ་ཁབ་དུ་སྐྱབས་བཅོལ་ཡོང་དུས་ཁོང་ཚོས་ལས་སྡུག་པ་སུ་ཞིག་ཡོད་ན་བསམ་དགོས་པའི་རྣམ་འགྱུར་བསྟན་ཐུབ་ཀྱི་ཡོད།སྐྱབས་བཅོལ་ཐོབ་ཐང་སྤྲད་ཚར་རྗེས།རིམ་བཞིན་ས་གནས་རྒྱལ་ཁབ་དག་ལ་དཀའ་ངལ་ཐོད་པ་བཟོས་བཞིན་ཡོད།དཔེར་ན།འགའ་ཤས་ཀྱི་འཇིགས་སྐུལ་དྲག་རྒོལ།།བུད་མེད་ལ་བཙན་གཡེལ།བརྐུ་ཇག་འཕྲོག་གསུམ་གྱི་དོན་རྐྱེན་མང་པོ་བཟོས་བཞིན་ཡོད་ལ།ད་དུང་ཁ་ཆེའི་ཆོས་དད་པ་རྣམས་ཀྱི་ལྟ་བ་ལ་འཇིག་རྟེན་འདི་ལ་སྡོད་དབང་ཡོད་མཁན་ཁ་ཆེ་བ་ཆོས་པ་མ་གཏོགས་མེད་པའི་བསམ་བློ་ཁུར་བསྡད་ཡོད།་མཁྲེགས་འཛིན་རིང་ལུགས་བལྟ་བ་ཡོད་མཁན་ཉུང་ཉུང་མིན།དེ་རིང་མི་རིགས་དཀར་པོ་འཇིག་སྐུལ་གྱི་མི་མང་བསད་དོན་རྐྱེནབྱུང་པ་ཧང་སང་དགོས་པ་གང་ཡང་མེད།གལ་ཏེ་འཚེ་མེད་ཞི་བའི་ལྟ་གྲུབ་མེད་པའི་ཞེན་ཁོག་ཁོ་ན་ཡང་ན་མཁྲེགས་འཛིན་རིང་ལུགས་ལྟ་བ་ཁོ་ན་ཡིན་ན།མ་འོང་པ་དཀའ་ངལ་འདི་རིགས་རིམ་པ་ཡོང་ངེས།