མི་མང་གི་བསམ་ཚུལ་བསྡུ་བའི་དམིགས་བསལ་ཚོགས་ཆེན་བསྐོང་རྒྱུ་རེད།

འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་འོག་ལྔ་དང་ལྔ་བཅུའི་འཆར་སྣང་དང་། ༧རྒྱལ་བ་སྐུ་ཕྲེང་ན་རིམ་དང་བོད་མི་མང་བར་གྱི་འབྲེལ་བ་ཞེས་པའི་ཐོག་ལ་མི་མང་གི་བསམ་ཚུལ་བསྡུ་རུབ་ཀྱི་དམིགས་བསལ་ཚོགས་ཆེན་ཞིག་བསྐོང་རྒྱུ་ཡིན་འདུགདེ་རིང་ཉིན་རྒྱབ་ཆུ་ཚོད་ ༡༢།༣༠ ཐོག་དྷ་རམ་ས་ལའི་མེག་གྷན་གྱི་ཀཱ་ལབ་གསོལ་མགྲོན་ཁང་(Club House)དུ། བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༣ ནས་ཉིན་གྲངས་གསུམ་རིང་། ལྔ་དང་ལྔ་བཅུའི་འཆར་སྣང་དང་། ༧རྒྱལ་བ་སྐུ་ཕྲེང་ན་རིམ་དང་བོད་མི་མང་བར་གྱི་འབྲེལ་བ་ཞེས་པའི་ཐོག་ལ་མི་མང་གི་བསམ་ཚུལ་བསྡུ་རུབ་ཀྱི་དམིགས་བསལ་ཚོགས་ཆེན་ཞིག་བསྐོང་རྒྱུ་ཡིན་སྐོར་གསར་འགོད་ལྷན་ཚོགས་ཤིག་བསྡུས་སོང་བ་དང་། ལྷན་ཚོགས་གྲོལ་རྗེས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་དྷ་ས་ཁུལ་གྱི་ཧིན་བོད་གསར་འགོད་པ་རྣམས་ལ་ལོ་འཁོར་གསོལ་ཚིགས་ཤིག་གོ་སྒྲིག་གནང་འདུག

འདི་ལོའི་དམིགས་བསལ་ཚོགས་ཆེན་ལ་གོང་གསལ་བརྗོད་གཞི་གཉིས་འཇོག་དགོས་པའི་རྒྱུ་མཚན་སྐོར་ལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། ད་སྔ་བར་ལྔ་དང་ལྔ་བཅུའི་ཐོག་ཚོགས་འདུ་ཐེངས་གསུམ་ཚོགས་གྲུབ་ཟིན་པ་དང་། ཚོགས་ཐེངས་དང་པོ་དེ་ནི་བཀའ་ཟུར་དང་བཀའ་བློན་རྣམ་པ། དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་ཉམས་མྱོང་དང་རྒྱུས་ཡོད་མཁན་ཚོ་དང་ལྷན་དུ་ཚོགས་ཡོད་པ་རེད། གཉིས་པ་དེ་ན་གཞོན་ཚོ་དང་ལྷན་དུ་ཚོགས་ཡོད་པ་རེད། གསུམ་པ་དེ་ང་ཚོ་བོད་པ་ཚོ་བཙན་བྱོལ་ནང་རྒྱུན་རིང་པོར་ལྷག་ཚེ། སྤྱི་ཚོགས་བདེ་དོན་ཆེད་དང་ཤེས་ཡོན། རིག་གཞུང་དང་འཕྲོད་བསྟེན་སོགས་ཀྱི་ཐད་ལ་ག་རེ་གནང་དགོས་པའི་ཐད་ལ་ཚོགས་ཡོད་པ་རེད། དེ་བས་དོན་ངོ་མར་ང་ཚོ་ལོ་ལྔའམ་ཡང་ན་ལྔ་བཅུར་གནས་ཀྱང་གནས་མཁན་ནི་བོད་རྒྱ་ཆེ་མང་ཚོགས་ཆགས་ཡོད་དུས། རྒྱ་ཆེ་མང་ཚོགས་དོན་གྱི་བདག་པོ་ཁོང་རྣམ་པའི་དགོངས་འཆར་ལེན་རྒྱུ་དེ་ང་ཚོས་གནད་འགག་ཞིག་ཏུ་བརྩིས་པ་ཡིན། རྒྱ་ཆེ་མང་ཚོགས་ཀྱི་དགོངས་པའི་ནང་ག་རེ་ཡོད་པ་ལེན་པར་ད་ཐེངས་ཀྱི་དམིགས་བསལ་ཚོགས་ཆེན་འདི་བསྐོང་གི་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས། རྩ་བའི་ང་ཚོ་བོད་པ་ཚོ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཆགས་ཡོད་པ་རེད། ༧རྒྱལ་བ་སྐུ་ཕྲེང་ན་རིམ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་པ་རེད། དེ་བས་༧རྒྱལ་བ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་ནས་བཟུང་ད་ལྟའི་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་ང་ཚོ་བོད་མི་མང་དང་འབྲེལ་བ་ག་རེ་ཡོད་པ་དང་། འབྲེལ་བ་ཡོད་ན་བཀའ་དྲིན་ཅི་ཙམ་ཆེན་པོ་ཡིན་པ། རྩ་བའི་ང་ཚོས་བཀའ་དྲིན་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད་པ་རེད་དེ། སྐབས་རེར་སྣང་མེད་དང་ཚོར་སྣང་མེད་པར་ལྷག་འགྲོ་ཡི་ཡོད་པ་རེད། དེ་བས་རྒྱ་ཆེ་མང་ཚོགས་ཀྱི་ཚོར་བ་དེ་ཡོད་པའི་ཐོག་ནས་བཀའ་དྲིན་ཆེན་པོའི་འབྲེལ་བ་ཡོད་མེད་དང་། བཀའ་དྲིན་ཆེན་པོ་ཡིན་ཚེ་ང་ཚོས་ག་རེ་ཞུ་དགོས་པ་དང་རྒྱ་ཆེ་མང་ཚོགས་ལ་ལས་འགན་ག་རེ་ཡོད་པ་སོགས་ཀྱི་ཐད་ལ་དགོངས་ཚུལ་ལེན་པའི་ཆེད་དུ་དམིགས་བསལ་ཚོགས་ཆེན་དེ་སྐོང་ཚོགས་གནང་གི་ཡོད་པ་རེད། ཅེས་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ ནང་གསེས་དང་པོའི་ནང་གསལ་ལྟར།  ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༡ ཉིན་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤྲེལ་པོ་ནས་དམིགས་བསལ་ཚོགས་ཆེན་བསྐོང་རྒྱུ་ཐག་གཅོད་གནང་ཡོད་པ་དང་། གྲོས་ཚོགས་ཚོགས་ཀྱི་མེད་པའི་དུས་སྐབས་ཤིག་ཏུ་འཁེལ་ཡོད་སྟབས། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༦ ཉིན་བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་ཐོག་ཚོགས་ཆེན་གྱི་བརྗོད་གཞི་དང་དུས་ཚེས་བཅས་ཐག་གཅོད་བྱུང་བ་འགྲེལ་བརྗོད་གནང་སོང་།

དེའི་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་དབྱིན་སྐད་ཀྱི་ཐོག་ནས་དམིགས་བསལ་ཚོགས་ཆེན་སྐོར་ངོ་སྤྲོད་གནང་རྗེས་དྲི་བ་དྲིས་ལན་གནང་སོང་། སྐབས་དེར་གསར་འགོད་པ་ཞིག་གིས་ཚོགས་བཅར་བ་སུ་སུ་ཡོད་མེད་དྲིས་པར་སྤྱི་འཐུས་ཚོགས་གཙོ་མཆོག་གིས། ཐེངས་འདིའི་དམིགས་བསལ་ཚོགས་ཆེན་ནང་ཕྱི་ལོ་ ༢༠༡༢ ལོའི་ཚོགས་བཅར་བ་ཕལ་ཆེ་བ་ཡོད་ཀྱང་། སྔར་ཡོད་སྤྱི་ཟུར་རྣམ་པ་དང་། དྭང་བླངས་བ། བླ་ཆེན་རྣམ་པ་བཅས་མེད་སྐོར་གསུངས་སོང་བ་དང་། དེ་བཞིན་ཚོགས་ཆེན་ནང་ས་གནས་སྒྲིག་འཛུགས་ཀྱི་ངོ་བོའི་ཐོག་ནས་བསམ་ཚུལ་བསྡུ་རུབ་བྱ་རྒྱུ་ལས། མི་སྒེར་དང་ཁྱིམ་ཚང་ཞིག་གི་བསམ་ཚུལ་བསྡུ་རུབ་བྱེད་འཆར་མེད་པས། གལ་ཏེ་དྭང་བླངས་བ་ཚོའི་བསམ་ཚུལ་བསླེབ་དགོས་ཚེ། ས་གནས་སོ་སོའི་ཚོགས་འདུའི་ནང་འདོན་ཆོག་གི་ཡོད་སྐོར་གསུངས་སོང་ལ། སྲིད་སྐྱོང་མཆོག་ནས་ཕྱི་ལོ་ ༢༠༡༢ ལོར་དྭང་བླངས་བར་གོ་སྐབས་སྤྲད་ཡོད་ཀྱང་། ཚོགས་ཆེན་ནང་དངོས་སུ་བཅར་མཁན་ཉུང་ངུ་ལས་བྱུང་མེད་སྐོར་གསལ་བཤད་གནང་སོང་།

དེ་བཞིན་གསར་འགོད་པ་ཞིག་གིས་ད་བར་ལྔ་དང་ལྔ་བཅུའི་ཚོགས་འདུ་ཐེངས་ ༣ ཚོགས་ཚར་ཡོད་པ་དང་། ཚོགས་འདུ་གསུམ་གྱི་ཁྲོད་ནས་གྲུབ་འབྲས་གང་སོན་ཡོད་མེད་དང་། གྲོས་ཆོད་ཁག་ལག་བསྟར་ཅི་བྱུང་དྲིས་པར་སྲིད་སྐྱོང་མཆོག་གིས། སྤྱིར་ལྔ་དང་ལྔ་བཅུའི་འཆར་སྣང་ཟེར་བ་དེ་ཚིག་རིས་བཞིན་ད་ལྟའི་བཀའ་ཤག་གི་ལོ་ལྔ་དང་། འགྲོ་བཞིན་པའི་ལོ་ལྔ་བཅུའི་དོན་ལ་འཇུག་གི་མེད་པར། དེ་ནི་འཕྲལ་ཕུགས་ལ་ལས་དོན་གང་དག་སྒྲུབ་དགོས་པའི་དོན་ཡིན་སྐོར་དང་། ཚོགས་འདུ་ཐེངས་གསུམ་གྱི་རིང་ལ་མཁས་པ་མི་ཉུང་བ་ཞིག་གདན་དྲངས་ནས་དགོངས་ཚུལ་བསྡུ་རུབ་བྱས་པ་བརྒྱུད། ད་ལྟ་དང་མ་འོངས་པར་ལས་དོན་གང་བྱེད་དགོས་མིན་སྐོར་ནས་གྲོས་ཆོད་སོགས་བཞག་ཡོད་སྐོར་དང་། བཀའ་ཤག་གི་ངོས་ནས་མི་འགྱངས་པར་ལྔ་དང་ལྔ་བཅུའི་ཚོགས་འདུ་ཐེངས་གསུམ་ནང་བཞག་པའི་གྲོས་ཆོད་ཁོངས་ནས་གང་དག་ལག་བསྟར་བྱས་ཡོད་མེད་ཀྱི་ཡིག་ཆ་ཞིག་འགྲེམ་སྤེལ་བྱ་རྒྱུ་ཡིན་སྐོར་དང་། ཕྱི་ལོ་ ༢༠༡༢ ལོའི་དམིགས་བསལ་ཚོགས་ཆེན་སྐབས་བཞག་པའི་གྲོས་ཆོད་དག་ལས་བརྒྱ་ཆ་ ༧༥ ལྷག་ལག་བསྟར་བྱས་ཡོད་སྐོར་གསུངས་སོང་།

ཡང་གསར་འགོད་པ་ཞིག་གིས་ཐེངས་འདིའི་ཚོགས་ཆེན་ནང་བོད་ནང་གི་བོད་མིའི་བསམ་ཚུལ་བསྡུ་འཆར་ཡོད་མེད་སྐོར་དྲིས་པར་ཚོགས་གཙོ་མཆོག་གིས། ད་ལྟའི་ཆར་བོད་ནང་གི་བསམ་འཆར་བསྡུ་འཆར་མེད་པ་དང་། ཕྱི་ལོ་ ༢༠༠༨ ལོའི་ཚོགས་ཆེན་དེ་ཆབ་སྲིད་རང་རེད། ང་ཚོས་མུ་མཐུད་སྲིད་བྱུས་རྒྱུན་སྐྱོང་གི་ཡིན་མིན་གྱི་ཐད་རེད། དེའི་སྐབས་དེར་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད་པ་རེད། ད་ལྟའི་བརྗོད་གཞི་ནི་བཙན་བྱོལ་ནང་ལོ་ལྔ་དང་ལྔ་བཅུ་དང་། གཞན་དེ་ང་ཚོའི་ལོ་རྒྱུས་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་པ་རེད། ཅེས་གསུངས་སོང་ལ། དེའི་ཐད་སྲིད་སྐྱོང་མཆོག་གིས་བོད་ནང་ནས་དགོངས་འཆར་འབུལ་མཁན་བྱུང་ཚེ་དགའ་བསུ་ཞུ་རྒྱུ་ཡིན། ཅེས་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༣/༡༥

Leave a Reply

4 thoughts on “མི་མང་གི་བསམ་ཚུལ་བསྡུ་བའི་དམིགས་བསལ་ཚོགས་ཆེན་བསྐོང་རྒྱུ་རེད།

  1. གཞུང་པ་ཚེ་དབང་བསོད་ནམའ་

    དམིགས་བསལ་ཚོགས་ཆེན་འདུ་བསྐོང་གནང་རྒྱུའི་གསལ་བསྒྲགས་གནང་བ་འདི་བཅའ་
    ཁྲིམས་དོན་ཚན་ལྔ་བཅུ་ང་དགུའི་པའི་ནང་གསེས་དོན་ཚན་གསུམ་པ་དང་མཐུན་པ་ལ་ངོས་
    འཛིན་གནང་གི་ཡོད་པ་ཡིན་ནམ།

  2. གཞུང་པ་ཚེ་དབང་བསོད་ནམའ་

    མི་མང་གི་བསམ་ཚུལ་ལ་གཞི་བཞག་གི་རེད་
    གྲལ་རིམ་གྱི་བསམ་ཚུལ་ལ་གཞི་བཞག་གི་གསལ་པོ་
    ཤེས་མ་སོང།

  3. ཚེ་རིང་རྡོ་རྗེ།

    དཔལ་ལྡན་སྲིད་སྐྱོང་མཆོག་གིས། ༼༢༠༡༢ ལོའི་ཚོགས་བཅར་བ་ཕལ་ཆེ་བ་ཡོད་ཀྱང་། སྔར་ཡོད་སྤྱི་ཟུར་རྣམ་པ་དང་། དྭང་བླངས་བ། བླ་ཆེན་རྣམ་པ་བཅས་མེད་སྐོར་གསུངས་སོང་བ་དང་། དེ་བཞིན་ཚོགས་ཆེན་ནང་ས་གནས་སྒྲིག་འཛུགས་ཀྱི་ངོ་བོའི་ཐོག་ནས་བསམ་ཚུལ་བསྡུ་རུབ་བྱ་རྒྱུ་ལས། མི་སྒེར་དང་ཁྱིམ་ཚང་ཞིག་གི་བསམ་ཚུལ་བསྡུ་རུབ་བྱེད་འཆར་མེད་པས། གལ་ཏེ་དྭང་བླངས་བ་ཚོའི་བསམ་ཚུལ་བསླེབ་དགོས་ཚེ། ས་གནས་སོ་སོའི་ཚོགས་འདུའི་ནང་འདོན་ཆོག་གི་ཡོད་སྐོར་གསུངས་སོང་ལ། སྲིད་སྐྱོང་མཆོག་ནས་ཕྱི་ལོ་ ༢༠༡༢ ལོར་དྭང་བླངས་བར་གོ་སྐབས་སྤྲད་ཡོད་ཀྱང་། ཚོགས་ཆེན་ནང་དངོས་སུ་བཅར་མཁན་ཉུང་ངུ་ལས་བྱུང་མེད་སྐོར་གསལ་བཤད་གནང་སོང་།༽ ཞེས་གསུངས་འདུག ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ། ཕྱི་ལོ་༢༠༡༢་ལོར་དྭང་བླངས་པ་ཉུང་ངུ་ལས་མེད་ཟེར་བ་དེ་སྐྱག་རྫུན་རེད། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ།
    དེ་ནས་སྤྱི་ཟུར་མ་ཡོང་ཟེར་བ་དེ་ནི། གཙོ་བོ་སྐུ་ངོ་སྤེན་པ་ཚེ་རིང་འགོག་ཆེད་རེད། ཧཧཧཧཧཧཧཧཧཧཧཧཧཧ། ང་ཚོའི་དཔལ་ལྡན་སྲིད་སྐྱོང་གིས་ཕྲུ་གུ་ཆུང་ཆུང་གི་རང་རྟགས་བསྟན་གནང་བཞག ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ།

  4. 5 དང་ 50 ❓❗️❗️❗️🤔 😇 ང་ཚོ་མི་དམངས་ཀྱི་གོ་མྱོང་མེད། བསམ་ཚུལ་ལ་ལན་ཅི་བརྒྱབ་ ❓🤔
    བླ་མ་ སྐུ་མཉེས་ན་ མ་མཉེས་ན་ སྲིད་སྐྱོང་ ཚར་གཉིས་ མ་གཏོགས་མེད།
    ཝཻ། དེང་སང་སྡེ་པ་གཞུང་སྐད་ཆ་གོ་ཡ་འདུག་གས ❓གཡུག་ཤོག ཐེ་གཏོགས་བྱེད་དགོས་མ་རེད། སྡེ་སྲིད་མགོ་ལེབ་ཀྱི་ཏག་ཏག་བྱེད་ཀྱི་རེད།
    So Sorry !
    Delhi ལ་ བོད་ཀྱི་མིང་འཁྱེར་ནས་ གཞོན་ནུ་ལྷན་ཚོགས་ཟེར་མཁན་ཚོ་ Shooting བྱེད་ས་ཕྱིན་པ་རེད་ ? ག་རེ་བྱེད་ས་ཕྱིན་པ་རེད་ ? ཞེས་པོ་བྱེད་ཡོད་དོག་དོག པར་ནང་ Acting སྟོན་མ་ཚར་པ་སྡད་འདུག་ག ཞི་ལུས་བོད་མི་ཚོ་མགོ་སྐོར་མ་ཐེབ་པར་ཤོག 🙏