སོག་མཁར་བློ་གྲོས་དང་བཟའ་ཟླ་གཉིས་ལ་གསང་བའི་ཁྲིམས་ཐག་བཅད།

སོག་མཁར་བློ་གྲོས་ལགས་ལ་ལོ་ ༡༨ དང་ཁོང་གི་བཟའ་ཟླ་དགའ་སྐྱིད་ལགས་ལ་ལོ་ ༢ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་བོད་ནག་ཆུ་སོག་རྫོང་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་སོག་མཁར་བློ་གྲོས་ལགས་སུ་ལོ་ ༡༨ དང་། ཁོང་གི་བཟའ་ཟླ་དགའ་སྐྱིད་ལགས་ལ་ལོ་ ༢ བཅས་ཀྱི་གསང་བའི་ཁྲིམས་ཐག་བཅད་ཡོད་པ་དང་། ད་ལྟའི་ཆར་ཁོང་གཉིས་བཙོན་ཁང་གང་དུ་བཀག་ཉར་བྱས་ཡོད་པ་དང་ནག་ཉེས་ཅི་ཞིག་བཀལ་ཡོད་མེད་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

འདི་གའི་གསར་འགོད་པར་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། སྤྱིར་སོག་མཁར་བློ་གྲོས་རྒྱ་མཚོ་དང་ཁོང་གི་བཟའ་ཟླ་གཉིས་ལ་གསང་བའི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་དེ་སྔོན་ཚུད་ནས་རག་ཡོད་ན་ཡང་། ཁོང་གཉིས་ལ་གསང་བའི་ཁྲིམས་ཐག་བཅད་པ་ཙམ་ལས་ནག་ཉེས་ཅི་ཞིག་བཀལ་ཡོད་མེད་དང་བཙོན་ཁང་གང་དུ་ཡོད་མེད་སོགས་ཤེས་རྟོགས་མ་ཐུབ་པར་བརྟེན་ད་ལྟ་བར་ཕྱི་ལ་སྤེལ་མེད་ན་ཡང་། ཉིན་ཤས་ནས་གནས་ཚུལ་དེ་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུགས་བྱས་ན་ཡག་པོ་ཡོད་པར་བསམ་ནས་སྤེལ་ཡོད།  ཡིན་ནའང་། ད་ལྟའི་ཆར་ཁོང་གཉིས་ཀྱི་གནས་སྟངས་དང་ཁོང་གི་བཟའ་ཟླ་ག་དུས་ནས་བཟུང་བཀག་ཉར་བྱས་ཡོད་མེད་སོགས་གསལ་ཁ་ཐུབ་ཀྱི་མི་འདུག ཅེས་བརྗོད་བྱུང་།

ཡང་ལྟེ་གནས་ཁང་གི་གནས་ཚུལ་ནང་རྒྱ་ནག་གཞུང་གིས་སོག་མཁར་བློ་གྲོས་དང་ཁོང་གི་བཟའ་ཟླ་དགའ་སྐྱིད་གཉིས་ལ་གསང་བའི་ཐོག་ནས་ཁྲིམས་ཐག་བཅད་པའི་གནས་ཚུལ་དེ་ནི་ཕྱི་ལོ་༢༠༡༨ ཟླ་ ༡༡ ནང་ཐོན་ཡོད་ནའང་།  ཁོང་གི་ནང་མི་དང་། ཉེ་འབྲེལ་ཚོས་ཁོང་བཟའ་ཟླ་གཉིས་ཀྱི་ད་ལྟའི་གནས་སྟངས་དང་བཀག་བསྐྱིལ་སོགས་མ་ཤེས་པར་ལྷག་ཡོད་པ་དང་། ཡང་ཕྱི་ལོ་༢༠༡༨ ཟླ་ ༡ ཚེས་ ༢༨ ཉིན་སོག་མཁར་ལགས་ཀྱིས་འཛམ་གླིང་ཞི་བདེའི་ལས་འགུལ་སྤེལ་ནས་ཁེར་རྐྱང་ཞི་རྒོལ་གནང་བའི་བརྙན་ཐུང་ཞིག་སྤེལ་བ་དེ། ཁོང་གི་བཟའ་ཟླ་དགའ་སྐྱིད་ཀྱིས་བླངས་པ་ཞིག་ཡིན་པ་དང་། བརྙན་ཐུང་དེ་ཕྱིའི་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་བྱུང་ཡོད་པའི་སྐོར་བཀོད་འདུག

སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ནག་ཆུ་ས་ཁུལ་གྱི་སོག་རྫོང་ཚ་དབྲོག་ཡུལ་ཚོའི་སོག་མཁར་གྲོང་སྡེ་ནས་ཡིན་པ་དང་། ཡུལ་མི་ཚོས་ཁོང་ནི་ཆབ་སྲིད་ཀྱི་ལྟ་ཚུལ་ཤུགས་ཆེར་འདོན་མཁན་ཞིག་དང་། སོ་སོའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོར་མཐོང་ཆེན་གནང་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། སོག་མཁར་ལགས་ཕྱི་ལོ་ཕྱི་ལོ་ ༡༩༩༤ ཟླ་ ༤ ཚེས་ ༢༠ ཉིན་ནག་ཆུ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ཁོང་གིས་མིང་ལ་སྒ་ཡོལ་ཟེར་བའི་རླངས་འཁོར་ཁ་ལོ་བ་ཞིག་བསད་ཡོད་པའི་ནག་ཉེས་འོག་ལོ ༡༥ བཙོན་བཅུག་ཁྲིམས་ཐག་བཅད་ཡོད་པ་དང་།  ཕྱི་ལོ་༡༩༩༥ ཟླ་ ༣ ཚེས་ ༤ ཉིན་ཁོང་གིས་བཙོན་ཁང་དུ་ཞི་རྒོལ་བྱས་པ་མ་ཟད། བཙོན་པ་གཞན་དང་མཉམ་དུ་བཙོན་ར་ཁག་ནང་ཡིག་ཆ་གཏོར་ནས་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན་ཞེས་ཞི་རྒོལ་བྱས་པར་བརྟེན་ཁོང་ལ་སྲོག་ཁྲིམས་བཅོད་རྒྱུའི་ཐག་གཅོད་བྱས་ཡོད་ཀྱང་། ཕྱི་ལོ་༡༩༩༥ ཟླ་༤ ནང་ནག་ཆུ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བོད་ལྗོངས་མི་དམངས་ཁྲིམས་ཁང་གི་བཀའ་འཁྲོལ་ལ་སྒུག་ཡོད་པའི་སྐབས་དེར། རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་རོགས་སྐྱོར་དང་གནོན་ཤུགས་འོག་སྲོག་ཁྲིམས་ཕྱིར་འགྱངས་བྱེད་དགོས་ཁེལ་ཡོད་པ་རེད།

ཕྱི་ལོ་༡༩༩༥ ཟླ་༥ ཚེས་༡༨ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་འགལ་ཉེས་ཆད་དང་གང་བྱུང་ཁྲིམས་ཆད་འགོག་ཐབས་ཐད་ཀྱི་དམིགས་བསལ་སྙན་སྒྲོན་པས་རྒྱ་ནག་སྲིད་གཞུང་ལ་ཛ་དྲག་གི་སྙན་ཞུ་ཕུལ་བ་དང་། རྒྱ་ནག་སྲིད་གཞུང་གིས་སོག་མཁར་བློ་གྲོས་ལགས་ལ་སྲོག་ཁྲིམས་གཅོད་ཀྱི་མེད་རབས་དང་། ཁོས་བཙོན་ཁང་དུ་རང་ཉིད་ལ་བཅོས་སྒྱུར་མ་བྱས་པར་ཁ་བྲལ་རིང་ལུགས་དང་སྲིད་གཞུང་མགོ་རྟིང་སློག་རྩིས་བྱས་རྐྱེན། ཁོང་ལ་ལོ་༦ ཁ་སྣོན་གྱིས་ཁྱོན་མི་ལོ་༢༡ གི་དུས་བཀག་བཙོན་འཇུག་དང་ཆབ་སྲིད་ཐོབ་ཐང་ལོ་༣ འཕྲོག་རྒྱུ་ཐག་བཅད་པའི་ལན་འདེབས་བྱས་ཡོད་པ་རེད། སྔ་རྗེས་སུ་ཁོང་ཆུ་ཤུར་བཙོན་ཁང་དང་གྲྭ་བཞི་བཙོན་ཁང་སོགས་སུ་བཙན་འཇུག་བྱས་ཏེ་མཐར་ཕྱི་ལོ་༢༠༡༣ ཟླ་༥ ཚེས་༢ ཉིན་བཙོན་གྲོལ་བཏང་བ་རེད།

ཕྱི་ལོ་ ༢༠༡༨  ཟླ་ ༡ ཚེས་ ༢༨ ཉིན་སོག་མཁར་བློ་གྲོས་ལགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་དུ་ཞི་རྒོལ་སྐད་འབོད་གནང་སྟེ་འཛིན་བཟུང་བྱས་སོང་བའི་གནས་ཚུལ་ཐོན་ཡོད་པ་དང་། སྐབས་དེར་ཁོང་གིས་ཞི་རྒོལ་བྱེད་དགོས་པའི་དམིགས་ཡུལ་སྐོར་ལ་བརྙན་ཐུང་ཞིག་བཟོས་ཡོད་པ་ཕྱི་ཕྱོགས་སུ་བསླེབས་པའི་ནང་། ང་ཚོའི་དུས་རྟག་ཏུ་༧རྒྱལ་བ་བསྟན་འཛིན་རྒྱ་མཚོའི་དགོངས་པ་བཞིན། དེས་མི་ཚད་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་སོགས་དཔའ་བོ་དང་དཔའ་མོ་བརྒྱ་སྟོང་མང་པོས་འཛམ་གླིང་ཞི་བདེའི་དོན་དུ་སྐུ་ལུས་མེར་སྲེག་བཏང་ཡོད་པ་རེད། ངས་ཀྱང་མི་ལོ་༢༠ རིང་ལ་འཛམ་གླིང་ཞི་བདེའི་ཆེད་དུ་འབད་བརྩོན་བྱས་ཡོད་ལ། ལྷག་པར་དུ་ལོ་ངོ་ ༡༡ རིང་ལ་འཛམ་གླིང་ཞི་བདེ་དྲིལ་བསྒྲགས་དང་འཛམ་གླིང་ཞི་བདེ་ཡི་ཕྱོགས་སུ་ལུས་ངག་ཡིད་གསུམ་གྱིས་འབད་བརྩོན་བྱས་ཡོད། བཙོན་ཁང་དུ་ལོ་བདུན་བསྟུན་མར་དྲིལ་བསྒྲགས་བྱས་པ་ཡིན་ལ། བཙོན་ཁང་ནས་ཐོན་རྗེས་ལོ་བཞིའི་རིང་མཐོ་དམན་དྲག་ཞན་ཕོ་མོ་རྒན་གཞོན་སུ་དང་ཕྱོགས་ལྷུང་སོགས་ཀྱི་འབྲེལ་བ་མེད་པར་དྲིལ་བསྒྲགས་བྱས་ཡོད་སྐོར་བརྗོད་འདུག

བློ་གྲོས་རྒྱ་མཚོའམ་སོག་མཁར་བློ་གྲོས་ལགས་ནི་ནག་ཆུ་ས་ཁུལ་སོག་རྫོང་ཚ་དབྲོག་ཡུལ་ཚོའི་སོག་མཁར་གྲོང་སྡེ་ནས་ཡིན་ཞིང་། ད་ལྟ་དགུང་ལོ་ ༥༧ ཙམ་ཡིན་པ་དང་། ཁོང་ལ་སྲིང་མོ་ ༥ དང་གཅུང་པོ་གཅིག་ཡོད་འདུག བློ་གྲོས་རྒྱ་མཚོ་ལགས་ཆུང་དུས་པ་ལགས་ཀྱི་མདུན་ནས་གཏམ་ཡིག་རྩིས་སྦྱང་བའི་ཐོག གཟུགས་པོ་བདེ་པོ་ཡོད་པས་སོག་རྫོང་ཟློས་གར་ཚོགས་པའི་འཁྲབ་སྟོན་པའི་ནང་ཞུགས་ཡོད་པ་དང་། དེ་སྔོན་ནག་ཆུ་ས་ཁུལ་གྱི་ཤེད་རྡོ་འགྱོག་པའི་འགྲན་སྡུར་ནང་ཁོང་གིས་ཨང་དང་པོའི་བྱ་དགའ་ཐེངས་གཉིས་ལ་བླངས་ཡོད་འདུག

འབྲེལ་ཡོད་གནས་ཚུལ། སོག་མཁར་བློ་གྲོས་ལགས་འཛིན་བཟུང་བྱས་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༣/༡༦

Leave a Reply