ཡུ་རོབ་ཀྱི་གྲོས་ཚོགས་འཐུས་མིས་བོད་ནང་འགྲོ་འོང་འདྲ་མཉམ་དགོས་པའི་དགོངས་ཚུལ་བཏོན།

ཡུ་རོབ་ཀྱིས་རྒྱ་ནག་གི་འབྲེལ་བར་བསྐྱར་ཞིབ་བྱས་ཏེ་འདྲ་མཉམ་བཟོ་མ་ཐུབ་ན་བོད་མི་ཚོར་དྲང་བདེན་འཐོབ་པར་བཀག་འགོག་དང་རྒྱ་ནག་གཞུང་ལ་མུ་མཐུད་བྱུས་ངན་འཐེན་པའི་ལམ་ཁ་ཕྱེས་པ་མ་ཟད། ཡུ་རོབ་མི་མང་གི་རང་དབང་ལའང་བཀག་སྡོམ་བྱས་པ་ཞིག་ཆགས་ཡོད་སྐོར་བརྗོད་འདུག

ཕྱི་ཚེས་ ༡༤ ཉིན། ཡུ་རོབ་ཀྱི་ (EURACTIV) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་ ༡༠ དང་། ཡུ་རོབ་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག་ ༥ ཡི་གྲོས་ཚོགས་འཐུས་མི་བཅས་ཁྱོན་འཐུས་མི་ ༢༥ ཡིས། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་ཚོང་འབྲེལ་ཁོ་ན་ཙམ་མིན་པར། བོད་ནང་འགྲོ་འོང་འདྲ་མཉམ་དགོས་པ་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ནས་འབྲེལ་ལམ་བསྐྱར་ཞིབ་དགོས་པའི་དགོངས་ཚུལ་བཏོན་འདུག

དགོངས་ཚུལ་དེའི་ནང་། ཡུ་རོབ་མི་མང་བོད་ནང་འགྲོ་བར་བཀག་སྡོམ་ཆེན་པོ་བྱེད་ཀྱི་ཡོད་ནའང་། རྒྱ་རིགས་ཚོ་ཡུ་རོབ་ནང་སླེབ་པར་བཀག་སྡོམ་ཅི་ཡང་མེད་སྟབས། རྒྱ་ནག་གཞུང་གིས་གོ་སྐབས་དེ་སྤྱད་ནས་བོད་ཀྱི་གནས་བབ་སོགས་ཀྱི་ཐད་ཡུ་རོབ་མི་མང་གི་ལྟ་ཚུལ་སྒྱུར་ཐབས་བྱེད་ཀྱི་ཡོད་པ་དང་། བོད་ནི་ཕྱིའི་རྒྱལ་ཁབ་ཁག་ལ་ཡོངས་སུ་སྒོ་བརྒྱབས་པའི་གནས་སྟངས་འདིས། རྒྱ་ནག་གཞུང་གིས་བསྒྲགས་པའི་བོད་ནང་གི་གནས་སྟངས་ལ་ཐེ་ཚོམས་དང་ཆ་འཇོག་དཀའ་བ་དང་། གལ་སྲིད་བོད་ནང་གི་གནས་སྟངས་ལ་སྦ་གསང་དགོས་པ་མེད་ཚེ་ཡུ་རོབ་མི་མང་རང་དབང་ངང་བོད་ནང་ཅིའི་ཕྱིར་འགྲོ་འོང་མ་ཆོག་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་ཕྱི་མི་འགྲོ་བར་བཀག་སྡོམ་བྱེད་བཞིན་པ་དེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་མཉམ་མིན་པ་གསལ་སྟོན་བྱེད་ཀྱི་ཡོད་པ་མ་ཟད། དེས་རིམ་གྱིས་ཡུ་རོབ་མི་མང་གི་ཐོབ་ཐང་ཁག་དང་དམངས་གཙོ་ཉམས་རྒུད་དུ་གཏོང་གི་ཡོད་པ་རེད། ཅེས་བཀོད་འདུག

ཕྱི་ལོ་ ༢༠༡༨ ལོར་ཨ་རི་གཞུང་གིས་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་གཞི་གཏན་འབེབ་བྱུང་བ་ལུང་འདྲེན་དང་སྦྲགས། ཉེ་བའི་ཟླ་འགའི་རིང་ཡུ་རོབ་ཀྱི་མགོ་འཁྲིད་ཚོས་རྒྱ་ནག་གི་ཁྲོམ་རར་འདྲ་མཉམ་གྱི་ཉོ་འཚོང་དང་མ་འཛུགས་སོགས་དགོས་སྐོར་བརྗོད་ཀྱི་ཡོད་ནའང་། འདྲ་མཉམ་མེད་པ་གཞན་ཞིག་ནི་རྒྱ་ནག་གཞུང་གིས་ཡུ་རོབ་ཀྱི་རང་དབང་ཁ་ལ་འཁྱེར་ཏེ། བོད་མིའི་རང་དབང་མུ་མཐུད་རྡོག་རོལ་དང་དྲག་གནོན་བྱེད་ཀྱི་ཡོད་པས། དམངས་གཙོའི་གཞུང་ཞིག་གིས་གནས་བབ་འདི་ལ་གུ་ཡངས་གཏན་ནས་གཏོང་ཐབས་མེད་སྐོར་བཀོད་འདུག

རྒྱ་ནག་གཞུང་གིས་ཨ་རིའི་ཁྲིམས་གཞི་དེར་ངོས་ལེན་མེད་ཚུལ་བརྗོད་ཀྱི་ཡོད་ནའང་། པེ་ཅིན་གཞུང་གིས་བོད་ནང་ཕྱི་རྒྱལ་ཡུལ་སྐོར་བའི་ཐོངས་མཆན་ཐོབ་པའི་བརྒྱུད་རིམ་ཇེ་མགྱོགས་སུ་བཏང་ཡོད་པ་བསྒྲགས་ཡོད་པས། རྒྱ་ནག་གཞུང་ལ་གྲོས་གཞི་དེས་ཤུགས་རྐྱེན་ཐེབས་ཡོད་པ་ལྟར་སྣང་གི་ཡོད་པས། ད་ནི་ཡུ་རོབ་དང་རྒྱ་ནག་གི་ཆེས་མཐའ་མའི་འབྲེལ་ལམ་གྲོས་འཆར་ནང་། ཕྱོགས་ཡོངས་ནས་འདྲ་མཉམ་དང་བོད་ནང་འདྲ་མཉམ་འགྲོ་འོང་ཆོག་པའི་གྲོས་འཆར་འདོན་དགོས་ཀྱི་ཡོད་ལ། ཡུ་རོབ་ངོས་ནས་ཚོང་འབྲེལ་ཁོ་ན་མིན་པར་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྟེ། འགྲོ་འོང་གི་རང་དབང་དང་གསར་འགོད་རང་དབང་འདྲ་མཉམ་སོགས་ཀྱི་ཐད་ནས་ཀྱང་བསྐྱར་ཞིབ་བྱས་ཏེ་སྲ་བརྟན་བཟོ་དགོས་སྐོར་བརྗོད་འདུག

མཇུག་ཏུ་ཁ་ཕྱོགས་འདི་ལྟ་བུ་ཞིག་ལ་བསྐྱོད་པར་བོད་ནང་འགྲོ་འོང་འདྲ་མཉམ་ཀྱི་དགོས་འདུན་འདོན་རྒྱུ་ནི་ཐོག་མའི་ལམ་ཁ་དེ་ཡིན་དགོས་ལ། གལ་སྲིད་ཡུ་རོབ་ཀྱིས་དེ་ལྟར་བྱེད་མ་ཐུབ་ཚེ། བོད་མི་ཚོར་དྲང་བདེན་འཐོབ་པར་བཀག་འགོག་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་ང་ཚོའི་སྤྱི་ཚོགས་ནང་མུ་མཐུད་བྱུས་ངན་འཐེན་པའི་ལམ་ཁ་ཕྱེས་པ་དང་། དེ་ཡིས་ཡུ་རོབ་མི་མང་གི་གཞི་རྩའི་ཐོབ་ཐང་དང་རང་དབང་ལའང་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག

དེ་བཞིན་ཕྱི་ཚེས་ ༡༣ ཉིན། རྒྱལ་སྤྱིའི་ཚོགས་སྡེ་ཁག་ ༡༣ གྱིས། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༩ ཉིན་སྦེལ་ཇམ་གྱི་རྒྱལ་ས་བྷི་རོའི་སིལ་ (Brussels) ནང་འཚོགས་འཆར་ཡོད་པའི་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གི་ལོ་འཁོར་ཚོགས་འདུ་དང་བསྟུན། ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་གི་ཐད་ནས་གླེང་སློང་དགོས་པའི་ཞུ་ཡིག་ཅིག་ཕུལ་ཡོད་པ་དང་། ཞུ་ཡིག་ནང་དགོས་འདུན་དོན་ཚན་ ༦ བཏོན་ཡོད་པ་ལས། བོད་ཀྱི་སྐད་ཡིག་རང་དབང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་སོགས་ཀློད་གྲོལ་གཏོང་དགོས་པ་དང་། འདི་ལོར་རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་ཁྲོད་དྲག་སྤྱོད་སྤེལ་ནས་མི་ལོ་ ༣༠ ཧྲིལ་པོ་དང་། སྐུ་ཞབས་ལིའུ་ཞའོ་པའོ་ལགས་འདས་གྲོངས་ཕྱིན་པའི་ཉིན་ལ་དུས་དྲན་སྲུང་གཙི་བྱ་དགོས་སྐོར་སོགས་འཁོད་ཡོད་འདུག

གསར་འགོར་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༣/༡༦

Leave a Reply