ཡུ་གུར་སྐོར་ལ་རྒྱབ་ཤ་དཀར་པོའི་དེབ་བཏོན།

རྒྱ་ནག་གཞུང་གིས་ཤིན་ཅང་གི་དྲག་སྤྱོད་ལ་ངོ་རྒོལ་དང་ཐལ་སྤྱོད་རིང་ལུགས་ལ་འཐབ་རྩོད། མི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཅེས་པའི་རྒྱབ་ཤ་དཀར་པོའི་དེབ་ཅིག་ཕྱིར་བསྒྲགས་བྱས་འདུགདེ་རིང་རྒྱ་ནག་གཞུང་དབུས་དྲིལ་བསྒྲགས་ལྷན་ཁང་གིས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་སྐོར་ལ་༼ཤིན་ཅང་གི་དྲག་སྤྱོད་ལ་ངོ་རྒོལ་དང་ཐལ་སྤྱོད་རིང་ལུགས་ལ་འཐབ་རྩོད། མི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ༽ཅེས་པའི་རྒྱབ་ཤ་དཀར་པོའི་དེབ་ཅིག་ཕྱིར་བསྒྲགས་བྱས་འདུག་པ་དང་། དེབ་དེའི་ནང་ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་དྲག་སྤྱོད་པ་དང་ཐལ་སྤྱོད་རིང་ལུགས་པར་འཐབ་རྩོད་དང་། ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱས་ཏེ། དྲག་སྤྱོད་པ་དང་ཆོས་ལུགས་ཐལ་སྤྱོད་རིང་ལུགས་པ་མི་གྲངས་ ༡༣༠༠༠ འཛིན་བཟུང་དང་ཉེས་ཆད་བཅད་ཡོད་སྐོར་བརྗོད་འདུག

དེབ་དེའི་ནང་ཡུ་གུར་ནང་དུས་རྒྱུན་ཆོས་ལུགས་ཀྱི་མིང་འཁུར་ནས་ཁ་བྲལ་ལས་འགུལ་སྤེལ་མཁན་དང་། ཆོས་ལུགས་དྲག་སྤྱོད་པ་དང་ཐལ་སྤྱོད་པ་རྩ་འཛུགས་བྱས་ཏེ། མི་མང་གི་བདེ་འཇགས་དང་འཚོ་གནས་ལ་བརྡབ་གསིག་ཆེན་པོ་གཏོང་གི་ཡོད་ན་ཡང་། རྒྱ་ནག་ནི་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁབ་ཅིག་ཡིན་པས་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་ཡུ་གུར་ནང་གི་འགྲོ་བ་མིའི་ཐོབ་ཐད་སྲུང་སྐྱོབ་བྱེད་བཞིན་ཡོད་ལ། ཕྱི་ལོ་ ༢༠༡༤ ལོ་ནས་ཡུ་གུར་ནང་དྲག་སྤྱོད་རིང་ལུགས་པས་གཏོར་བཅོམ་ལས་འགུལ་ཁྱོན་ ༡༥༨༨ སྤེལ་ཡོད་པ་དང་། དེའི་ཁྲོད་དྲག་སྤྱོད་རིང་ལུགས་པ་ཁྲི་ ༡༢༩༩༥ འཛིན་བཟུང་ཐུབ་ཡོད་པ་དང་། ཁྲིམས་འགལ་ངང་ཆོས་ལུགས་ལས་འགུལ་གང་བྱུང་ ༤༨༥༨  སྤེལ་བའི་ཁྲོད་མི་གྲངས་ཁྲི་ ༣༠༦༤༥ ལ་ཉེས་ཆད་བཅད་ཡོད་པ་དང་། ཁྲིམས་འགལ་ངང་དཔར་སྐྲུན་དང་འགྲེམས་སྤེལ་བྱས་པའི་ཆོས་ལུགས་ཀྱི་དེབ་དང་ཡིག་ཆ་སོགས་ ༣༤༥༢༢༩ གཞུང་བཞེས་བཏང་ཡོད་སྐོར་བསྒྲགས་འདུག

ཐེངས་འདིར་རྒྱ་ནག་གཞུང་གིས་དྲག་སྤྱོད་རིང་ལུགས་པ་དང་ཐལ་སྤྱོད་པའི་མིང་ཐོག་ནས་ཡུ་གུར་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་བཏོན་པར་རྒྱལ་སྤྱིའི་ཡུ་གུར་ཚོགས་པ་དང་ཡུ་གུར་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང་། འཇར་མན་དུ་ཡོད་པའི་འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་ཀྱི་མགྲིན་ཚབ་པ་རཱ་ཁི་སེ་ཁྲི་(Dilxat Raxit)ལགས་ཀྱིས། རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ངང་ནས་ཡུ་གུར་གྱི་དོན་དངོས་ལ་འཁྱོག་བཟོ་བྱེད་ཀྱི་ཡོད་པ་དང་། འཇིགས་སྐུལ་བ་དང་ཐལ་སྤྱོད་པའི་ཉེས་མིང་གཡོགས་ཏེ་ཡུ་གུར་ནང་གང་བྱུང་བྱེད་བཞིན་པ་དེ་རྒྱ་ནག་གི་ཆབ་སྲིད་གཡོ་བྱུས་ཤིག་ཡིན་པ་དང་། དོན་དངོས་ཀྱི་དམིགས་ཡུལ་དེ་ཡུ་གུར་བའི་དད་མོས་དང་ངོ་བོ་རྩ་མེད་གཏོང་རྩིས་ཡིན་སྐོར་སོགས་བརྗོད་འདུག

འདས་ལོའི་ཕྱི་ཟླ་ ༡༢ ནང་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་རྒྱལ་ཁབ་ ༢༦ གི་མཁས་དབང་༣༠༠ ལྷག་ཅིག་གིས་ཡུ་གུར་མི་རིགས་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་ལ་ཐུན་མོང་གི་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་།  རྒྱ་ནག་ནང་གི་ཡུ་གུར་མི་རིགས་ཀྱི་གནས་སྟངས་དེ་ནི་རྒྱལ་སྤྱིའི་སེམས་འཚབ་རང་བཞིན་ཞིག་ཆགས་བཞིན་ཡོད་པ་དང་།   དམིགས་བསལ་ས་ཁུལ་བྱེ་བྲག་པ་དང་ཚོ་ཁག་གི་གནད་དོན་གྱི་ཐོག་ནས།  སྲིད་གཞུང་གིས་བཙིར་གནོན་བྱེད་བཞིན་པའི་གནས་སྟངས་དེ་ལྟ་བུ་འབྱུང་འགྱུར་མི་རིགས་གང་གིས་ཀྱང་ངོས་ལེན་བྱེད་ཐབས་མེད་སྐོར་བརྗོད་ཡོད་པ་རེད།

ཡང་ད་ལན་གྱི་རྒྱབ་ཤ་དཀར་པོའི་དེབ་དེའི་ནང་ཕྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༡༡ ཉིན་ཨ་རིའི་ནང་ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་དོན་རྐྱེན་བྱུང་བ་ནས་ཡུ་གུར་ས་ཁུལ་དུ་འཇིགས་སྐུལ་དྲག་སྤྱོད་པའི་དཀའ་ངལ་འཕྲད་ཡོད་པ་དང་། ལྷག་པར་དུ་ཤིན་ཅང་ཤར་ཏུར་ཀི་སི་ཐན་ནང་རྒྱ་ནག་གཞུང་ལ་འཇིགས་སྐུལ་དང་ཁ་བྲལ་གྱི་ལས་འགུལ་རིམ་པར་སྤེལ་མཁན་བྱུང་སྐོར་བརྗོད་འདུག་ལ། ཕྱི་ལོ་ ༢༠༠༡ ནས་བཟུང་རྒྱ་ནག་གཞུང་གིས་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་སྐོར་ལ་༼ཤིན་ཅང་གི་རིག་གནས་སྲུང་སྐྱོབ་དང་དར་འཕེལ༽དང་། ༼ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་བྱ་བར་ཡར་སྐུལ༽། ༼ཤིན་ཅང་གི་གནས་སྟངས་སྤྱི་བཤད༽ཟེར་བ་སོགས་རིམ་པར་བཏོན་ཡོད་པ་རེད།

ཕྱི་ལོ་ ༢༠༡༨ ཟླ་ ༡ ཙམ་ནས་བཟུང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་ཡུ་གུར་ནང་ངལ་རྩོལ་སྒྱུར་བཀོད་ཁང་ཆེད་འཛུགས་ཀྱིས་ཡུ་གུར་བ་ས་ཡ་གཅིག་མ་ཟིན་ཙམ་སྒྱུར་བཀོད་ཁང་ནང་བཀག་སྐྱིལ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་གནད་དོན་དེའི་ཐད་རྒྱ་ནག་ལ་བསྟུན་མར་སྐྱོན་བརྗོད་བྱས་ཡོད་ན་ཡང་། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དུ་བཀག་སྐྱིལ་ཁང་ངམ་སློབ་གསོ་སྒྱུར་བཀོད་ཁང་ཟེར་བ་ཞིག་མེད་ཀྱང་སྦྱོང་བརྡར་ལྟེ་གནས་ཁང་ཁག་ཅིག་ནང་ལག་ཤེས་སྦྱོང་བརྡར་བྱེད་ས་སོགས་ཡོད་སྐོར་བརྗོད་པ་ལས་གཞན་ཁས་ལེན་བྱས་མེད་ན་ཡང་། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་དང་བསྟུན། ཤིན་ཅང་རང་སྐྱོང་ཁུལ་མི་མང་སྲི་གཞུང་གི་མགོ་འཁྲིད་ཤོ་རཌ་ཛ་ཀིར་(Shohrat Zakir)གྱིས་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་སྐབས། མ་འོངས་པར་སྦྱོང་བརྡར་ལྟེ་གནས་དེ་དག་ནང་མི་ཇེ་ཉུང་དུ་འགྲོ་རྒྱུ་ཡིན་པ་དང་། གལ་ཏེ་ཉིན་ཞིག་སྤྱི་ཚོགས་ཀྱི་ངོས་ནས་ལྟེ་གནས་དེ་དག་དགོས་གལ་མཐོང་གི་མེད་ཚེ་རིམ་པས་མེད་པར་ཆགས་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༣/༡༨

Leave a Reply