ཞི་བདེ་དང་རང་དབང་གི་གཟེངས་རྟགས་ཕུལ།

ཨ་རིའི་ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་ལྷན་ཚོགས་ཤིག་གིས་༧གོང་ས་རྒྱལ་རིན་པོ་ཆེ་མཆོག་ལ་ཞི་བདེ་དང་རང་དབང་གི་གཟེངས་རྟགས་ཕུལ་འདུགཟླ་འདིའི་ཕྱི་ཚེས་ ༤ ཉིན་ཨ་རིའི་ནུབ་རྒྱུད་ཨ་ཡོ་ཝ་མངའ་སྡེའི་ཌེ་ཝན་པོཌ་(Davenport)ཁུལ་གྱི་ཡེ་ཤུའི་ཆོས་ཚོགས་ཀྱི་ཆོས་དཔོན་ཐོ་མ་སི་ཨར་ཛིན་ཀུ་ལ་(Thomas R. Zinkula)ལགས་ཀྱིས། ཌེ་ཝན་པོཌ་མི་རིགས་མཉམ་འདུས་ཀྱི་ཡེ་ཤུའི་ལྷན་ཚོགས་(Davenport Catholic interracial Council)ཀྱི་ཚབ་གནང་སྟེ། བཞུགས་སྒར་དྷ་རམ་ས་ལའི་རྒྱལ་བའི་ཕོ་བྲང་དུ་མཇལ་བཅར་ཞུས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་ཙམ་དུ་མ་ཟད་འཛམ་གླིང་ཁྱོན་ཡོངས་ནང་ཞི་བདེ་དང་རང་དབང་སླད་སྐུ་ལས་ཚད་མེད་བསྐྱོན་པར་ཆེ་བསྟོད་ཞུ་ཆེད། འཛམ་གླིང་ཐོག་ཞི་བདེ་ཞེས་པའི་ཞི་བདེ་དང་རང་དབང་གི་གཟེངས་རྟགས་(The Pacem in Terris Peace and Freedom Award) ཞེས་པ་འབུལ་ལམ་ཞུས་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༩ ཉིན་ཌེ་ཝན་པོཌ་གྲོང་ཁྱེར་གྱི་སན་ཨེམ་བྷོ་རི་སི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གཟེངས་རྟགས་འབུལ་བཞེས་ཀྱི་གཞུང་འབྲེལ་མཛད་སྒོ་བསྡུ་རྒྱུ་ཡིན་འདུག

ཌེ་ཝན་པོཌ་ཡེ་ཤུའི་ཆོགས་ཚོགས་(Diocese of Davenport) ཀྱི་གཞུང་འབྲེལ་དྲ་རྒྱའི་སྟེང་། ཆོས་དཔོན་ཛིན་ཀུ་ལ་ལགས་ནས་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་དབུ་འཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྐར་མ་བཅུའི་རིང་མཇལ་བཅར་ཞུ་སྐབས། ཐོག་མར་༧གོང་ས་མཆོག་ནས་ཆོས་དཔོན་ལགས་ཀྱི་ཕྱག་ནས་འཇུས་ཏེ་ཞལ་འཛུམ་པའི་ངང་འཚམས་འདྲི་མཛད་ཡོད་སྐོར་དང་། ལྷན་ཚོགས་ནས་གཟེངས་རྟགས་དེ་ཕུལ་བར་ལེགས་གསོལ་དང་། ལྷན་ཚོགས་དེའི་ནང་ཆོས་ལུགས་གཞན་གྱི་ཚོགས་སྡེ་ཡོད་པ་དེར་བསྔགས་བརྗོད་གནང་ཡོད་སྐོར་སོགས་བཀོད་འདུག

ཨ་རི་ནས་ཆེད་བཅར་ཞུས་པའི་ཆོས་དཔོན་ཐོ་མ་སི་ཨར་ཛིན་ཀུ་ལ་ལགས་ཀྱིས། ཁོང་ནི་ཏཱ་ལའི་བླ་མ་ཡིན་པས། ངས་ཁོང་ལ་འཛམ་གླིང་གི་ཞི་བདེ་ཞེས་པའི་ཞི་བདེ་དང་རང་དབང་གི་གཟེངས་རྟགས་འདི་འབུལ་ཆེད་འཛམ་གླིང་གི་ལམ་ཕྱེད་ཙམ་འགྲུལ་བཞུད་བྱ་རྒྱུ་དང་ལེན་བྱས་པ་ཡིན། ཁོང་གིས་སྐུ་ཚེ་ཧྲིལ་པོ་སེམས་ཀྱི་ཞི་བདེ་དང་འཛམ་གླིང་གི་ཞི་བདེ་གོང་འཕེལ་བཏང་ཡོད། ཅེས་གསུངས་འདུག

ཡང་ཆོས་ལུགས་ལྷན་ཚོགས་དེའི་འགན་འཛིན་ཀེན་ཊི་ཧྥེ་རི་སི་(Kent Ferris) ལགས་ཀྱིས། སྤྱིར་འཛམ་གླིང་གི་དབུ་འཁྲིད་རྣམས་ཆེད་དུ་གཟེངས་རྟགས་འབུལ་སར་བཅར་ཐུབ་ཚེ། དེར་ཕེབས་ཀྱི་མི་མང་རྣམས་ལ་དངོས་སུ་བཀའ་སློབ་བསྩལ་ཐུབ་ཀྱི་ཡོད་པས་ཧ་ཅང་གལ་ཆེན་རེད། འོན་ཀྱང་༧གོང་ས་མཆོག་གིས་ཐག་རིང་ལ་འགྲུལ་བཞུད་གནང་གི་མེད་པར་བརྟེན། ང་ཚོས་ཁོང་ལ་ཆེ་མཐོང་ཞུ་ཆེད་རྒྱ་གར་དུ་བསྐྱོད་རྒྱུའི་གོ་སྐབས་བླངས་བ་ཡིན། ཞེས་བརྗོད་འདུག

ད་ལན་འབུལ་བཞེས་མཛད་པའི་ཞི་བདེ་དང་རང་དབང་གཟེངས་རྟགས་ཐོག་གི་བརྐོས་བྲིས་ཆེད་བརྗོད་ནང་། ལྷན་ཚོགས་ངོས་ནས་༧གོང་ས་མཆོག་གི་འགྲོ་མིའི་ཐོབ་ཐང་དང་། འཛམ་གླིང་ཞི་བདེ། དེ་བཞིན་འཚེ་མེད་ཞི་བའི་ལམ་ནས་རྩོད་རྙོག་འདུམ་སྒྲིག་གནང་རྒྱུའི་དགོངས་པ་དང་ཆོད་སེམས་ལ་ཆེ་བསྟོད་ཞུ་ཡི་ཡོད་པ་དང་། མགོན་པོ་མཆོག་གི་མཛད་པ་དང་བཀའ་གསུང་རྣམས་ལ་བལྟས་ཚེ། ཁོང་ནི་ཞི་བདེའི་སྟོབས་ཤུགས་ལས་འཚར་བའི་སྐྱེས་བུ་ཞིག་ཡིན་པ་མངོན་གསལ་ཡིན་སྐོར་དང་། ཁོང་གིས་དབུ་འཁྲིད་པར་བརྟེན་བཙན་གནོན་འོག་ཏུ་ཡོད་པའི་མི་མང་ལ་ཞི་བདེ་ཡིས་དྲང་བདེན་སྦྱིན་ཐུབ་པའི་རེ་ལྟོས་བསྐྲུན་ཡོད་སྐོར་བརྗོད་འདུག

འཛམ་གླིང་ཐོག་ཞི་བདེ་ཞེས་པའི་གཟེངས་རྟགས་དེ་ཐོག་མར་ཕྱི་ལོ་ ༡༩༦༤ ལོར་དབུ་འཛུགས་གནང་ཞིང་། ཕྱི་ལོ་ ༡༩༦༣ ལོར་ཡེ་ཤུའི་ཆོས་དཔོན་ཇོན་ཉེར་གསུམ་པས་ཡེ་ཤུའི་ལྷ་ཁང་ཁག་ལ་བསྐུར་བའི་འཛམ་གླིང་ནང་ཞི་བདེ་(Pacem in terrris) ཞེས་པའི་ཡོངས་ཁྱབ་གསུང་འཕྲིན་དེར་དྲན་གསོ་ཞུ་ཆེད་གསར་དུ་བཙུགས་པ་ཞིག་ཡིན་འདུག་ལ།ཡོངས་ཁྱབ་གསུང་འཕྲིན་དེའི་ནང་མིའི་རིན་ཐང་དང་། འདྲ་མཉམ། དེ་བཞིན་བུད་མེད་ཀྱི་ཐོབ་ཐང་སོགས་གླེང་སློང་ཤུགས་ཆེན་པོ་གནང་ཡོད་འདུག

གཟེངས་རྟགས་དེ་འཛམ་གླིང་གི་ཞི་བདེ་དང་དྲན་བདེན་ལ་མཛད་རྗེས་ཆེ་བའི་མི་སྣ་གྲགས་ཅན་རྣམས་ལ་འབུལ་གྱི་ཡོད་པ་དང་། ད་བར་ཡུམ་ཊེ་རེ་ས་(Mother Teresa)དང་། ཡེ་ཤུའི་ཆོས་དཔོན་ཌེ་སི་མུན་ཊུ་ཊུ་(Archbishop Desmund Tutu) སོགས་སྐྱེས་ཆེན་དམ་པ་ ༤༠ ལྷག་ལ་ཕུལ་ཡོད་འདུག

གསར་འགོད་པ་པ་སངས་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བཏུས།

བསྐྱར་བཅོས།: ༢༠༡༩/༠༣/༡༨

Leave a Reply

One thought on “ཞི་བདེ་དང་རང་དབང་གི་གཟེངས་རྟགས་ཕུལ།