བལ་ཡུལ་བོད་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ཁས་ལེན་བྱས།  

ཨ་རིའི་རྒྱལ་སྲིད་དྲུང་ཆེ་མཆོག་ནས་བལ་ཡུལ་བོད་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་གནང་བ་ལྟར་བལ་ཡུལ་གཞུང་གིས་མུ་མཐུད་སྲུང་སྐྱོབ་བྱེད་རྒྱུ་ཡིན་པའི་འགན་ལེན་བསྐྱར་ནན་ཞུས་འདུག
ཁ་སང་བལ་ཡུལ་ཀ་ཐ་མན་ཀྲུའུ་ཆ་འཕྲིན་(kathmandupost)གྱིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་སྲིད་བློན་ཤར་མ་ཨོ་ལི་(KP Sharma Oli)ཡིས་སྲིད་བློན་གྱི་ལས་འཁུར་ཞུས་ཏེ་ལོ་གཅིག་ཏག་ཏག་འཁོར་བ་དང་སྟབས་བསྟུན། ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་ཕོམ་པེ་(Mike Pompeo)མཆོག་གིས་འཚམས་འདྲི་གནང་བ་དང་སྦྲགས། བལ་ཡུལ་ནང་གནས་སྡོད་སྐྱབས་བཅོལ་བོད་མི་ཚོའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་གནང་ཡོད་པ་ལྟར། བལ་ཡུལ་གཞུང་ནས་རྒྱལ་སྤྱིའི་སྐྱབས་བཅོལ་བའི་བཅའ་ཁྲིམས་གཞིར་བཟུང་སྐྱབས་བཅོལ་བོད་མི་ཚོའི་ཐོབ་ཐང་ལ་མུ་མཐུད་སྲུང་སྐྱོབ་བྱེད་རྒྱུ་ཡིན་སྐོར་འགན་ལེན་བསྐྱར་ནན་ཞུས་ཡོད་འདུག

དེ་ཡང་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མཆོག་གིས་སྲིད་བློན་མཆོག་ལ་གནང་བའི་གསུང་འཕྲིན་ནང་། ཁྱེད་རང་ཆབ་སྲིད་བཙོན་པ་ཞིག་ཡིན་པའི་ཉམས་མྱོང་གཞིར་བཟུང་། བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་གྷ་ཝ་ལི་(Pradeep Gyawali)ལགས་ཀྱིས་བལ་ཡུལ་ནང་གི་བོད་མི་ཚོའི་ཐོབ་ཐང་མུ་མཐུད་སྲུང་སྐྱོབ་བྱེད་པར་འགན་ལེན་བསྐྱར་ནན་གནང་བར་དགའ་བསུ་ཞུ་ཡི་ཡོད། དེ་ཡང་རྒྱལ་སྤྱིའི་སྐྱབས་བཅོལ་བའི་ཁྲིམས་ལུགས་གཞིར་བཞག་ཐོག ཡུལ་ལུང་གང་ཞིག་ནས་མི་སྒེར་སུ་རུང་ཞིག་ལ་སྲོག་གི་ཉེན་ཁའམ་ཡང་ན་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་ཉེན་ཁ་ཡོད་པ་ཞིག་ཕྱིར་རྒྱལ་ཁབ་དེར་རྩིས་སྤྲོད་བྱེད་ཆོག་གི་མེད་པ་རེད། ཅེས་བརྗོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བལ་ཡུལ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ། གནས་ཚུལ་དེ་དང་འབྲེལ་ནས་བལ་ཡུལ་བོད་མིའི་ད་ལྟའི་གནས་སྟངས་ག་འདྲ་ཡོད་དྲིས་པར་ཁོང་གིས། ཁ་སང་གསར་ཤོག་ནང་གནས་ཚུལ་དེ་འདྲ་ཞིག་ཐོན་ཡོད་རེད། འོན་ཀྱང་། ད་ལྟ་བལ་ཡུལ་ནང་གི་བོད་མིའི་གནས་སྟངས་སྔར་བཞིན་རེད་ལ། མ་འོངས་པར་ང་ཚོས་བལྟ་རྒྱུ་རེད། སྤྱིར་བཏང་བལ་ཡུལ་གཞུང་ཁོ་རང་རྒྱལ་ཁབ་གཉིས་ཀྱི་བར་ཆགས་ཡོད་པས་རྒྱལ་ཁབ་གཉིས་ལ་བལྟ་དགོས་ཀྱི་ཡོད་རེད། རྒྱལ་ཁབ་ཉམ་ཆུང་རེད། འོན་ཀྱང་། སྲིད་བྱུས་ལ་འགྱུར་བ་གང་ཡང་ཡོད་མ་རེད། རྒྱ་ནག་གི་ཕྱོགས་ལ་འགྲོ་ཡི་ཡོད་པ་རེད། ཉེ་བའི་ཆར་ང་ཚོར་ལྟ་སྟངས་སྡུག་ཏུ་ཕྱིན་སོང་ཟེར་རྒྱུ་ཡོད་པ་མ་རེད་ལ།  དམིགས་བསལ་ལྟ་སྟངས་ཡག་ཏུ་ཕྱིན་པའང་ཡོད་མ་རེད། འདས་པའི་ནང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་ཉེ་ཆར་ལོ་གསར་ཚེས་ ༣ ཉིན་བཅས་ལ་ང་ཚོས་དམིགས་བསལ་མཛད་སྒོ་ཚོགས་པ་རེད། དེ་དུས་ཁོ་ཚོས་དམིགས་བསལ་དམ་དྲག་དེ་འདྲ་བྱུང་མ་སོང་ལ། ང་ཚོས་མཛད་སྒོ་དེ་དག་དྲ་རྒྱས་པོ་གང་ཡང་བྱེད་ཀྱི་མེད་ཀྱང་། མཛད་སྒོའི་ཐོག་ང་ཚོས་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་གི་གཙོས་གཞུང་ཚབ་མི་སྣ་མང་པོ་སྐད་གཏོང་གི་ཡོད། སྔོན་མ་ཡིན་ན་དེ་ཡོད་པ་མ་རེད། འོན་ཀྱང་། གང་ཡང་བྱུང་མ་སོང་ལབ་པ་ཙམ་གྱིས་གནས་སྟངས་བཟང་ཕྱོགས་སུ་ཕྱིན་པ་རེད་ལབ་རྒྱུ་ཡོད་པ་མ་རེད། དམིགས་བསལ་ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་སུམ་བཅུ་དུས་དྲན་དང་མཛད་སྒོ་གཞན་ཆབ་སྲིད་དང་འབྲེལ་བ་དེ་འདྲའི་ཐོག་དམ་དྲག་བྱེད་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་གསར་འགོད་པས་བལ་ཡུལ་ནང་གི་བོད་མི་ཚོར་དམིགས་བསལ་མི་རིགས་གཞན་དང་མི་འདྲ་བར་འགྲོ་འདུག་སྤྱོད་གསུམ་ཐོག་དམ་དྲག་བྱེད་བཞིན་ཡོད་མེད་དྲིས་པར་ཁོས། དུས་རྒྱུན་དམ་དྲག་དེ་འདྲ་བྱས་པ་གང་ཡང་ཡོད་པ་མ་རེད་དེ་ཅུང་ཙམ་རེ་བྱུང་གི་ཡོད། བོད་མི་ཚོས་འཚོ་བ་རང་སྐྱོང་ཆེད་ཚོང་རྒྱག་གི་ཡོད་རེད་དེ་ཁྲིམས་ཐོག་ནས་ང་ཚོའི་སྐྱབས་བཅོལ་ལག་དེབ་དེ་དེབ་སྐྱེལ་བྱས་ཆོག་གི་ཡོད་པ་མ་རེད། ང་ཚོས་བོད་ནས་ཕེབས་མཁན་ཚོ་ས་མཚམས་དང་བལ་ཡུལ་ནང་འབྱོར་སྐབས། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་མཉམ་འབྲེལ་གྱིས་ཁོང་རྣམ་པ་སྣེ་ལེན་ཁང་བརྒྱུད་རྒྱ་གར་ནང་སྐྱེལ་མ་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་ནང་བལ་ཡུལ་གཞུང་གིས་བོད་མི་འཛིན་བཟུང་བྱས་ཏེ་ཕར་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་ང་ཚོས་གཞུང་འབྲེལ་ཐོག་ཧ་གོ་བ་དེ་འདྲ་རིགས་བྱུང་ཡོད་པ་མ་རེད། འོན་ཀྱང་། ཕྱི་ལོ་ ༡༩༩༥ རྗེས་ནས་ང་ཚོའི་སྐྱབས་བཅོལ་ལག་དེབ་ངོས་འཛིན་བྱེད་ཀྱི་མེད་པས་ཚོང་དང་འབྲེལ་ནས་བལ་ཡུལ་ནང་འཛིན་བཟུང་འོག་ཡོད་པ་དེ་འདྲ་ཡོད་པ་རེད། ཅེས་བརྗོད་བྱུང་།

མཇུག་ཏུ་གསར་འགོད་པས་བལ་ཡུལ་དོན་གཅོད་ལས་ཁུངས་ངོས་ནས་བལ་ཡུལ་བོད་མི་ཚོའི་ཐོབ་ཐང་ལེགས་བཅོས་ཡོང་ཐབས་ག་རེ་གནང་གི་ཡོད་མེད་དྲིས་པར་ཁོང་གིས། ང་ཚོ་དོན་གཅོད་འདི་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་ལས་ཁུངས་ཀྱི་སྒྲིག་ཚན་ནང་ཆགས་ཀྱི་མེད་ཀྱང་། ང་ཚོའི་ངོས་ནས་ཞོར་དུ་ག་བ་ག་སར་འབྲེལ་བ་བྱས་ཏེ། ཨ་རིའི་གཞུང་ཚབ་དང་གཞུང་ཚབ་པ་མང་པོ་བརྒྱུད་བལ་ཡུལ་གྱི་གནད་ཡོད་མི་སྣ་དང་ཐུག་འཕྲད་བྱས་ནས་བོད་མིའི་ཐོབ་ཐང་དང་སྐྱབས་བཅོལ་ལག་དེབ་ཐོག་ལ་ཞུ་གཏུག་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།

ཕྱི་ལོ་ ༢༠༠༩ ལོའི་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་གྱི་སྙན་ཐོ་ལྟར་ན། བལ་ཡུལ་ནང་བོད་མི་བཙན་བྱོལ་བ་ ༡༣༥༡༤ ཡོད་སྐོར་བཀོད་འདུག་པ་དང་། ཀ་ཐ་མན་ཀྲུའུ་ཆ་འཕྲིན་ནང་ད་ལྟའི་ཆར་བལ་ཡུལ་ནང་བོད་མི་སྐྱབས་བཅོལ་གཞིས་ཆགས་ཁག་ ༡༢ དེ་དག་ནང་བོད་མི་ཁྱོན་ ༡༡༠༠༠ ཙམ་ཡོད་སྐོར་བཀོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༣/༢༠

Leave a Reply