གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་བཞག

བོད་ནང་གི་ཛ་དྲག་གནས་སྟངས་ཐོག་དོན་ཚན་བདུན་ཅན་གྱི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཅིག་ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབ་གནང་སོང་།དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་གཉིས་པའི་སྔ་དྲོའི་ཆུ་ཚོད་ ༡༠ ཡོལ་ཙམ་བར་དུ། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་གཞི་གྲོས་འཆར་ཐོག་མུ་མཐུད་བགྲོ་གླེང་གནང་མཐར། ཚད་མཐོའི་མང་མོས་ཀྱི་ཐོག་ནས་དོན་ཚན་ ༧ ཅན་གྱི་གྲོས་ཆོད་ཅིག་གཏན་འབེབ་གནང་སོང་བ་དང་། སྤྱི་འཐུས་གཅིག་གིས་གྲོས་ཆོད་ཀྱི་སྔོན་གླེང་ནང་དགྲ་བོ་རྒྱ་ནག་ཅེས་བྲིས་ཡོད་པ་དེར་དགག་པ་གནང་སོང་།

བགྲོ་གླེང་སྐབས་གྲོས་ཆོད་དོན་ཚན་ ༦ པར་ཤར་ཏུར་ཀི་སི་ཐན་ནང་དམ་དྲག་བྱེད་བཞིན་པར་གདུང་སེམས་མཉམ་སྐྱེད་དང་དྲག་གནོན་མཚམས་འཇོག་བྱེད་དགོས་པའི་སྐུལ་མ་གནང་བ་ཧ་ཅང་གལ་ཆེན་ཡིན་པ་དང་། ཤར་ཏུར་ཀི་སི་ཐན་སོགས་རྒྱ་ནག་གི་གྲངས་ཉུང་མི་རིགས་ཞེས་སྒྲོག་བཞིན་པ་རྒྱ་ནག་གི་ཆབ་སྲིད་ཀྱི་ཚིག་ཅིག་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཆོད་དང་གཞུང་འབྲེལ་མི་སྣས་ཐུགས་སྣང་དགོས་པ་དང་། གཞིས་བཞུགས་བོད་མིར་ཐུགས་ཕམ་མི་ཡོང་ཆེད་སྤྱིར་བོད་མི་ནང་ཁུལ་མཐུན་སྒྲིལ་དང་བྱེ་བྲག་ཏུ་གྲོས་ཚོགས་ར་བ་སོགས་སུ་གསུང་བཤད་གནང་སྐབས། སྤྱི་དོན་ལ་དམིགས་ནས་གསུང་བཤད་གནང་གལ་ཆེ་བ། རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ཤུགས་རྐྱེན་ཧ་ཅང་ཆེ་བ་ལ་སྟོབས་ཆེན་རྒྱལ་ཁབ་མང་པོས་རྒྱ་ནག་ལ་མཁྲེགས་འཛིན་གྱི་སྲིད་བྱུས་འཛིན་གྱི་ཡོད་པས་དེའི་གོ་སྐབས་དམ་འཛིན་དགོས་པ། དེ་བཞིན་ད་ལོར་སྲིད་སྐྱོང་མཆོག་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པས་རྒྱལ་སྤྱིའི་སྡིངས་ཆ་མང་པོར་ཆ་ཤས་བླངས་པ་མུ་མཐུད་རྒྱུ་དང་། འཛམ་གླིང་ཐོག་ཁུང་ཙི་ལྟེ་གནས་མང་པོ་ལོ་ཤས་རིང་སྒོ་རྒྱག་གི་ཡོད་པ་བཞིན་དེ་ཚོར་བོད་རིགས་གཞོན་སྐྱེས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་མུ་མཐུད་ཤུགས་རྒྱག་གལ་ཆེ་བ་སོགས་ཀྱི་དགོངས་ཚུལ་བྱུང་སོང་།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་སྤྱི་འཐུས་ཚོགས་གཙོ་གསར་པར་འཚམས་འདྲི་དང་། བཀའ་ཤག་ནས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་དོན་ཚན་ཚང་མར་རྒྱབ་སྐྱོར་ཡོད་སྐོར་གསུངས་པ་དང་འབྲེལ། ད་ལོར་སྔ་ལས་གསུམ་བཅུའི་དུས་དྲན་ཚགས་ཚུད་དང་ལས་འགུལ་སྣ་མང་སྤེལ་བར་བསྔགས་བརྗོད་དང་། མུ་མཐུད་ལས་འགུལ་སྤེལ་དགོས་པ་དང་། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་ཞིག་དར་བཞིན་ཡོད་པ་མུ་མཐུད་ནས་ཡོང་ཐབས་དགོས་པ་དང་།  ཐེངས་འདིའི་གསུམ་བཅུ་དུས་དྲན་སྐབས་རྒྱལ་ཁབ་འདྲ་མིན་གྱི་སྐུ་ཚབ་རྣམ་རྒྱ་ནག་གི་གནོན་ཤུགས་ལ་མ་བལྟོས་པར་མཛད་སྒོའི་ཐོག་ཕེབས་པར་ཐུགས་རྗེ་ཆེ་ཞུས་སོང་། ཡང་ཁོང་གིས། སྤྱིའི་སྤྱི་ཚོགས་ནང་རྒྱ་ནག་ལ་ལྟ་སྟངས་འགྱུར་བཞིན་པ་དང་བསྟུན། ཕྱོགས་བཞུགས་སྤྱི་འཐུས་དང་བོད་མིའི་སྒྲིག་འཛུགས་ནས་གྲ་སྒྲིག་དགོས་པ། དེ་བཞིན་བཀའ་ཤག་གིས་རྒྱལ་ཚོགས་དང་འབྲེལ་བའི་བོད་དོན་ཐད་ལས་མི་ཁ་སྣོན་བྱ་འཆར་ཡོད་སྐོར་དང་། གཞིས་བཞུགས་བོད་མི་ནི་དོན་གྱི་བདག་པོ་ཡིན་པ་དང་བོད་ནང་གི་བོད་མིའི་མངོན་འདོད་སྒྲུབ་རྒྱུ་ནི་གལ་ཆེ་ཤོས་དེ་ཡིན་ལ། དུས་རྟག་ཏུ་བོད་ནང་གི་བོད་མི་སྟེ་དོན་གྱི་བདག་པོ་རྣམ་ལ་བཀའ་ཤག་ངོས་ནས་བསྔགས་བརྗོད་དང་རྗེས་སུ་ཡི་རངས། དེ་བཞིན་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་གི་ཡོད་སྐོར་སོགས་གསུངས་སོང་།གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་སྔོན་གླེང་ནང་དགྲ་བོ་རྒྱ་ནག་བྲིས་པར་དགག་པ་གནང་མཁན་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་སུ། ད་ལན་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ལ་སྤྱི་མོས་བྱུང་མེད་པ་དང་། ཁོང་གིས་དགག་པ་གནང་དགོས་དོན་ཅི་ཡིན་དྲིས་པར་ཁོང་གིས། གྲོས་ཚོགས་ནང་གྲོས་ཆོད་འཇོག་དགོས་པ་དེ་གཞུང་གི་སྲིད་བྱུས་ལ་མཐུན་འགྱུར་དུ་འགྲོ་བའི་ཆེད་དུ་རེད་མ་གཏོགས། ཟླ་བ་དྲུག་རེའི་ནང་གི་བོད་ནང་ཛ་དྲག་གི་གནས་ཚུལ་ག་རེ་བྱུང་བའི་ལོ་རྒྱུས་ཆ་ཚང་འབྲི་རྒྱུ་དེ་འདྲ་གང་ཡང་མ་རེད། དབུ་མའི་ལམ་གྱི་ཐབས་ལམ་ཐོག་ནས་གཞུང་གི་རྩ་དོན་ཐོག་མཐུན་འགྱུར་དུ་འགྲོ་རྒྱུའི་ཆེད་རེད། གྲོས་ཆོད་དེ་མགོ་ནས་མཇུག་བར། གཙོ་བོ་གཅིག་ནས་༧གོང་ས་མཆོག་གི་དགོངས་གཞི་དང་འགལ་ཉན་གྱི་མ་རེད། གཉིས་ནས་ནང་གི་ཚག་དང་ཤད་ཚུད་ཆད་དབུ་མའི་ལམ་གྱི་སྲིད་བྱུས་དང་འགལ་ཉན་གྱི་མ་རེད།  གསུམ་ནས་འཚེ་མེད་ཞི་བའི་ལྟ་གྲུབ་དང་འགལ་ཉན་གྱི་མ་རེད། ད་ལྟ་བར་གཞུང་འབྲེལ་གྲོས་ཆོད་ནང་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་ནས་རྒྱ་ནག་གཞུང་ལ་ང་ཚོས་དགྲ་བོ་འབོད་ཀྱི་ཡོད་པ་མ་རེད། ཡིན་ནའང་དགྲ་བོ་མ་རེད་ཅེས་པའི་དོན་མཚོན་གྱི་ཡོད་པ་མ་རེད། ང་ཚོས་འཚེ་མེད་ཞི་བ་གཅིག་པུའི་ཐོག་བསམ་བློ་བཏང་ན་ལུས་ངག་ཡིད་གསུམ་ཚང་མ་འཚེ་མེད་ཞི་བའི་ཐོག་འགྲོ་དགོས་དུས། དགྲ་བོ་བོས་པ་ཙམ་གྱིས་འཁོན་འཛིན་དང་ཤ་འཁོན་རྩོད་ཀྱི་ཡོད་པའི་རྣམ་པ་ཐོན་ཡོང་གི་ཡོད་པ་རེད། དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་ཡིན་ན་གཉིས་ཕན་དང་སྒྲོམ་གཞི་གཅིག་གི་ཐོག་འདུག་རྒྱུའི་གོ་སྐབས་འཚོལ་གྱི་ཡོད་པས། དགྲ་བོ་བོས་པའི་ཐོག་ནས་ཕར་གོམ་པ་རྒྱག་ས་མེད་པ་དངོས་པོའི་ཆོས་ཉིད་ཐོག་ནས་ཆགས་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་འགལ་བ། འཚེ་མེད་ཞི་བའི་ལྟ་གྲུབ་དང་འགལ་བ། དབུ་མའི་ལམ་གྱི་སྲིད་བྱུས་དང་འགལ་བ། བོད་མི་མང་གི་མངོན་འདོད་དང་འགལ་བསྡད་ཡོད་པ་རེད། དེ་རིང་སང་ཉིན་བོད་ཕྱི་ནང་གཉིས་ན་རང་བཙན་རྩོད་མཁན་ཉུང་ཤས་ལས་ཡོད་པ་མ་རེད། མང་ཆེ་བས་མགོ་ཚོས་པའི་ཐོག་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་གི་ཡོད་པས། དེ་ལ་བརྩི་བཀུར་བྱེད་དགོས་པ་དེ་ང་ཚོ་སྤྱི་འཐུས་ཤིག་ཡིན་པའི་ཆ་ནས་འགན་ཡོད་པ་རེད། ད་ལྟ་དགྲ་བོ་ཞེས་ཚིག་ཅིག་འབོད་ཀྱི་ཡོད་པས། ངས་གྲོས་ཆོད་དེར་རྒྱབ་སྐྱོར་བྱེད་ཐུབ་ཡོད་པ་མ་རེད། ཅེས་གསུངས་སོང་།

བར་གསེང་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ལ་ཐེངས་འདིའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ལ་སྤྱི་མོས་མ་བྱུང་བར་དགོངས་ཚུལ་ཅི་ཡོད་དྲིས་པར། སྤྱི་མོས་མ་བྱུང་བ་དེ་སྤྱི་འཐུས་སོ་སོས་བསམ་བློ་ཁུར་སྟངས་ཐོག་ནས་བཀའ་མོལ་གནང་ཆོག་རེད། བཀའ་མོལ་གནང་རྗེས་ནང་དོན་ག་རེ་ཡོད་པའི་གནད་འགག་ཟིན་པའི་ཐོག་ནས་སྤྱི་མོས་ཐོག་ཕེབས་ཐུབ་པ་གནང་དགོས་རྒྱུ་དེ་ལས་འགན་ཆེན་པོ་ཞིག་ཆགས་ཡོད་པ་རེད། ད་ཐེངས་དེ་མ་བྱུང་སྟབས། གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གནས་བབས་དེ་ནང་དོན་དང་ཡོངས་རྫོགས་ལ་ལྗིད་ཁོག་དེ་མང་མོས་ཚད་མཐོན་པོ་ཟེར་དུས། ཏོག་ཙམ་སོ་སོའི་སེམས་ནང་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཐ་སྙད་དེ་ག་འདྲ་ཆགས་སོང་ངམ་བསམ་སོང་། ད་ལྟ་བར་ཚིག་ག་རེ་འགྱུར་བ་འགྲོ་དགོས་ཡོད་པ་དེས་ནང་དོན་ལ་འགྱུར་བ་གཏོང་དགོས་པ་ཤ་སྟག་བྱུང་ཡོད་པ་རེད་ལ། དེའི་ཐོག་སྤྱི་མོས་གཏན་འབེབས་གནང་བ་ཤ་སྟག་བྱུང་ཡོད་པ་རེད། དེ་རིང་ཡང་དཔལ་ལྡན་ཚོགས་གཙོས་གཙོ་སྐྱོང་འོག་དེ་རང་ཕྱིན་ཡོད་རེད་དེ། སྤྱི་མོས་མ་བྱུང་བ་དེ་ཨ་ཁ་ཏག་ཏག་བསྡད་མ་སོང་བའི་ཚོར་བ་ཆེན་པོ་བྱུང་། མ་འོངས་པར་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གཞི་ལ་བཞག་ནས་འཛིན་སྐྱོང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས། རྒྱ་ཆེ་མང་ཚོགས་ལ་ཕྱག་ལས་གནང་རྒྱུ་ཡོད་པ་རེད་ལ། དེ་བཞིན་གཞིས་ལ་ཡོད་པའི་བོད་མི་ཚོའི་སེམས་ཤུགས་དང་སྙིང་སྟོབས་ཞུམ་པ་མེད་པ་དེ་ལའང་རྒྱབ་རྟེན་ཞིག་ཆགས་ཀྱི་ཡོད་པ་རེད། དེ་བས་དེ་སྤྱི་མོས་ཐོག་གཏན་འབེབ་གནང་དགོས་པ་གནད་འགག་རེད། ཅེས་གསུངས་སོང་།ཡང་འབྲེལ་ཡོད་བོད་མི་མང་སྤྱི་འཐུས་ཁོང་ནས་དགྲ་བོ་ཅེས་པའི་ཚིག་གྲོས་ཆོད་ནང་བཞག་པར་མོས་མཐུན་མེད་པ་བརྗོད་བྱུང་བས། དེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་མཐུན་མིན་དྲིས་པར་ཁོང་གིས། ནམ་རྒྱུན་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དེ་སྤྱི་འཐུས་རྒྱུན་ལས་ཀྱི་ཆབ་སྲིད་སྡེ་ཚན་ནས་རྒྱབ་ལྗོངས་ཆ་ཚང་གཟིགས་ནས་བཟོས་པ་དང་། དེ་ནས་ཚོགས་གཙོ་ཚོགས་གཞོན་དང་སྤྱི་འཐུས་རྒྱུན་ལས་ནས་ལྟ་ཡི་ཡོད་པ་རེད། ཚོགས་གཙོ་ཚོགས་གཞོན་དང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ནས་འགྲེལ་བཤད་བརྒྱབས་ཡོད་རེད།  ད་ལྟ་བར་དགྲ་བོ་བེད་སྤྱོད་མ་བྱས་པ་མ་རེད། བྱས་བསྡད་པ་ཞིག་རེད་ལ། ཐ་སྙད་དེས་དོ་ཕོག་དང་ཨ་ལོག་ཐེབས་འགྲོ་རྒྱུ་ཞིག་ཡོད་པ་རེད་བསམ་གྱི་མི་འདུག ཡིན་ནའང་བསམ་ཚུལ་ཡོང་ཆོག་གི་རེད། གང་ལྟར་གནས་བབ་དེ་འདྲ་ཞིག་གི་ཐོག་ནས་རྩ་བས་ཞི་འགྲིག་བྱེད་ཀྱི་ཡོད་ན་རེད་མེད་ནའང་རེད། གདོང་ལེན་བྱེད་ས་ཕར་ཕྱོགས་ཆགས་དུས་ཚིག་དེ་འདྲ་བསླེབས་བསྡད་ཡོད་པ་རེད། བསླེབས་པ་ཡིས་ཧང་སང་བའི་འགལ་ཟླ་འགྲོ་བ་དེ་སྔ་བྱུང་ཡོད་པ་མ་རེད་ལ། ད་ལྟའང་དེ་གཞིར་བཟུང་ཕེབས་པ་རེད། སྤྱི་ཚོགས་ནང་ལའང་དེ་འདྲ་ཞེ་དྲག་འགྲོ་ཡི་རེད་བསམ་གྱི་མེད། ཅེས་གསུངས་སོང་།

གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དོན་ཚན་དང་པོ། འདས་པའི་མི་ལོ་ ༧༠ ཙམ་གྱི་རིང་རྒྱ་ནག་དམར་གཞུང་གི་བཙན་འཛུལ་དྲག་གནོན་གདུག་རྩུབ་འོག་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་དང་། ༧པཎ་ཆེན་སྐུ་ཕྲེང་ ༡༡ པ་མཆོག་གིས་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་རྒྱ་ནག་གཞུང་གིས་གློད་གྲོལ་གྱིས་དེ་དག་གི་ཚེ་སྲོག་ལ་འགན་ཁུར་དགོས་པ་མ་ཟད། བོད་ནང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡོངས་རྫོགས་ལོངས་སུ་སྤྱོད་བཅུག་དགོས་པ་ནན་བཤད་བྱ་རྒྱུ།

གཉིས་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཟབ་ཡངས་དཀྱེལ་ཆེའི་དགོངས་གཞི་བོད་རྒྱ་གཉིས་སྨན་དབུ་མའི་ལམ་བརྒྱུད་ནས་གྲོས་མོལ་གྱིས་འགྲིག་འཇགས་དགོས་པ་ལས། བོད་མི་རིགས་ཀྱི་སེམས་ཁམས་ལ་གནོད་གཞིའི་མཚན་སྨད་སྐུར་འདེབས་ཁོ་ནས་མེས་རྒྱལ་གཅིག་གྱུར་ཟེར་བ་ལས་ལྡོག་སྟེ་ཁ་བྲལ་རིང་ལུགས་པ་ངོ་མ་དེ་རྒྱ་ཡི་དབང་འཛིན་པ་ཁྱེད་རང་ཚོ་ཆགས་བཞིན་ཡོད་པ་གོ་བརྡ་ཁ་གསལ་སྤྲོད་རྒྱུ།

གསུམ་པ། རྒྱ་གཞུང་གིས་མི་ལོ་ ༦༠ རིང་བོད་དུ་ཁྲ་ཁྲ་ཟིང་ཟིང་གི་དཔལ་འབྱོར་ཡར་རྒྱས་ཕྲན་བུ་བཏང་ཡོད་ནའང་། དེ་དག་གི་དམིགས་ཡུལ་གཙོ་བོ་ནི་རྒྱ་ཡི་མི་འབོར་སྤོ་བཤུག་ཀྱིས་བོད་སར་གཏན་སྡོད་ཆེད་མཐུན་རྐྱེན་བསྐྲུན་པ་ལས། བོད་མིའི་འགྲོ་བ་མི་ཡི་ཐོབ་ཐང་བརྡལ་བཤིག་དང་། ཆོས་དད་རང་དབང་བཙན་འཕྲོག སྐད་ཡིག་ཉམས་དམས། རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན། ཕ་ཚེ་བུ་རབས་རིང་དྲག་གནོན་དང་དམར་གསོད་བྱས་པ་སོགས་ཀྱི་གུན་གསབ་ཟུར་ཙམ་ཡང་ཆགས་ཀྱི་མེད་པ་ཡང་རྒྱ་ནག་དབང་འཛིན་པ་ཚོས་ཤེས་དགོས་རྒྱུ།

བཞི་པ། རྒྱ་གཞུང་གི་དཔོན་རིགས་ཚོས་གཡས་ཁག་གཡོན་དཀྲི་མི་བྱེད་པར་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དུ་གཞིས་བཞུགས་བོད་མི་རྣམས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་འདུན་དང་། དགའ་མོས་ཇི་ཙམ་ཡོད་མེད་རྟོག་ཞིབ་ཆེད་གཟུ་བོར་གནས་པའི་རྒྱལ་སྤྱིའི་གསར་འགོད་པའམ། རྟོག་ཞིབ་མི་སྣ་གཏོང་ཕོད་པའི་གདེང་སྤོབས་ཡོད་དགོས་པ་དྲན་གསོ་བྱ་རྒྱུ།

ལྔ་པ། འདས་པའི་མི་ལོ་ ༦༠ རིང་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་བཙན་བྱོལ་བ་རྣམས་ལ་གཞལ་དུ་མེད་པའི་བཀའ་དྲིན་བླ་མེད་དུ་བསྐྱངས་བར་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་ནང་གི་གཞུང་དང་། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྒྲིག་འཛུགས། གནད་ཡོད་མི་སྣ། མི་སྒེར་བཅས་དང་། ལྷག་པར་དུ་རྒྱལ་ཁབ་མང་པོ་ཞིག་གིས་བོད་དོན་དང་འབྲེལ་བའི་ཁྲིམས་དང་། གྲོས་ཆོད་རིམ་པ་གཏན་འབེབས་ཀྱིས་གཞིས་བྱེས་བོད་མི་རྣམས་ལ་མགོན་དཔུང་དང་འཐབ་གྲོགས་མཛད་མཁན་ཡོངས་ལ་བཀའ་དྲིན་བླ་མེད་དུ་ཆེ་ཆེ་ཞུ་རྒྱུ།

དྲུག་པ། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཙམ་དུ་མ་ཟད། མི་རིགས་མང་པོར་དབང་བསྒྱུར་བའི་ཁོངས་དེང་སྐབས་ཤར་ཏུར་ཀི་སི་ཐན་ནང་ཆེས་དམ་དྲག་བྱེད་བཞིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གདུང་སེམས་མཉམ་སྐྱེད་དང་། དྲག་གནོན་དེ་རིགས་མཚམས་འཇོག་དགོས་པའི་སྐུལ་མ་ཞུ་རྒྱུ།

བདུན་པ། འདས་པའི་མི་ལོ་ ༧༠ ཙམ་གྱི་རིང་གཞིས་བཞུགས་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་སྦྱོང་མནར་གཅོད་ཁྲོད་གནས་བཞིན་ཡོད་ནའང་། བོད་མི་རིགས་ཀྱི་སྙིང་སྟོབས་དང་། ཆོད་སེམས། ལ་རྒྱ་སོགས་འགྱུར་བ་མེད་པའི་རང་བཞིན་ལ་རང་རེ་བཙན་བྱོལ་བོད་མི་རྣམས་ཀྱིས་མིག་དཔེ་བླངས་ཏེ། གཞིས་བྱེས་མཉམ་འཛོམས་ཀྱི་གོ་སྐབས་ཤར་དུས་གཞིས་བཞུགས་བོད་མི་རྣམས་ལ་ལེགས་སྐྱེས་ཤིག་འབུལ་དགོས་པ་ལས་གཞིས་བཞུགས་བོད་མི་རྣམས་བློ་ཕམ་དང་སེམས་ཤུགས་ཆག་གཞི་ནམ་ཡང་མི་འབྱུང་བའི་ཁས་ལེན་བྱ་རྒྱུ་བཅས་རེད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༣/༢༠

Leave a Reply

One thought on “གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་བཞག

  1. གཞུང་པ་ཚེ་དབང་བསོད་ནམའ་

    གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ལ་སྤྱི་མོས་
    འགྲོ་མ་ཐུབ་པ་ནི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཟེར་
    བའི་ཐ་སྙད་དེ་ལ་ལྗིད་ཁོག་མེད་པའམ་ཡང་ན་གྲོས་ཚོགས་འཐུས་
    མིའི་ལངས་ཕྱོགས་བརྟན་པོ་མེད་པ་ལ་རྒྱ་ཆེ་ཞི་བའི་མི་མང་ནས་
    ངོས་འཛིན་ཞུས་ན་མ་འགྲིག་པའི་ཉེས་པ་ཨ་ཡོད།