བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་དང་ལས་ཁུངས་ཁག་ཅིག་གི་འགྲོ་གྲོན་སྤྱི་མོས་གཏན་འབེབ་གནང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་སྐོར་ལ་སྤྱི་ཡོངས་གཟིགས་ཚུལ་དོན་ཚན་བཅུ་བཏོན།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ ༢ པའི་སྔ་དྲོར། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༩ དང་ ༢༠༢༠ ལོའི་སྔོན་རྩིས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་དབུ་འཛུགས་གནང་སྟེ། ལྷན་ཁང་དང་ལས་ཁུངས་ཁག་ཅིག་གི་འགྲོ་གྲོན་སྤྱི་མོས་ཐོག་གཏན་འབེབ་གནང་སོང་། བཀའ་ཤག་ནས་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༩ དང་ ༢༠༢༠ ལོའི་རྒྱུན་གྲོན་དང་དམིགས་བསལ་ལས་དོན། ཟུར་བཀོལ་དམིགས་བཀར་ལས་འཆར་བཅས་ཀྱི་ཆེད་ཁྱོན་འགྲོ་གྲོན་ཧིན་སྒོར་ས་ཡ་ ༢༥.༠༥.༣༣ འཆར་འབུལ་ཞུས་པ་དེར། སྤྱི་འཐུས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ནས་སྤར་གཅོག་གང་ཡང་གནང་མེད་ཅེས་གསུངས་འདུག་ལ།  རྩིས་ལོ་ ༢༠༡༨ དང་ ༢༠༡༩ ལོའི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབ་སྒོར་ས་ཡ་ ༢.༦༥༢.༥༥ གནང་བ་ལས་སྒོར་ས་ཡ་ ༡༤༧་༢༢ དང་བརྒྱ་ཆ་ ༥.༥༥ ཉུང་བ་ཆགས་ཡོད་འདུག

དེ་རིང་བགྲོ་གླེང་ཐོག་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོའི་ཆེད་ཕྱོགས་བསྡོམས་འགྲོ་གྲོན་ཧིན་སྒོར་ ༨༥༣,༢༧༨ དང་ཆེས་མཐོའི་ཁྲིམས་ཞིབ་ཆེ་བ་དང་གཞན་གཉིས་ལ་ཕྱོགས་བསྡོམས་འགྲོ་གྲོན་ཧིན་སྒོར་ ༡,༥༡༣,༩༣༣ ། དེ་བཞིན་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ལ་ཕྱོགས་བསྡོམས་འགྲོ་གྲོན་ཧིན་སྒོར་ ༧༨,༧༩༥,༦༧༠ དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཕྱོགས་བསྡོམས་འགྲོ་གྲོན་ཧིན་སྒོར་ ༡༣,༤༣༧,༥༩༡ ། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ཆེད་ཕྱོགས་བསྡོམས་འགྲོ་གྲོན་ཧིན་སྒོར་ ༡,༡༣༡,༥༥༠། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ལ་ཕྱོགས་བསྡོམས་ཧིན་སྒོར་ ༦༠༩,༡༨༥ ། ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ལ་ཕྱོགས་བསྡོམས་འགྲོ་གྲོན་ཧིན་སྒོར་ ༦༨༨,༨༡༤ ། དེ་བཞིན་ས་གནས་འཐུས་མིའི་ཚོགས་འདུར་ཕྱོགས་བསྡོམས་འགྲོ་གྲོན་ཧིན་སྒོར་ ༢,༤༨༤,༩༢༤ དང་། བཀའ་དྲུང་ཡིག་ཚང་ལ་ཕྱོགས་བསྡོམས་འགྲོ་གྲོན་ཧིན་སྒོར་ ༡༢༡,༡༥༥,༩༤༨ ། བདེ་སྲུང་ལས་ཁུངས་ལ་ཕྱོགས་བསྡོམས་འགྲོ་གྲོན་ཧིན་སྒོར་ ༡༩,༧༧༡,༦༣༢ བཅས་སྤྱི་མོས་གཏན་འབེབ་གནང་སོང་བ་དང་། ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་ཐོག་མུ་མཐུད་བགྲོ་གླེང་གནང་གི་འདུག

སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་དང་འབྲེལ་བའི་སྤྱི་ཡོངས་མཐོང་ཚུལ་དོན་ཚན་བཅུ་སྙན་སྒྲོན་ཞུས་པའི་ནང་། གཙོ་བོ་རྩིས་ལོ་ ༢༠༡༩ དང་ ༢༠༢༠ ལོའི་སྔོན་རྩིས་འཆར་འབུལ་སྐབས་ལས་ཁུངས་འགའ་ཞིག་ནས་ཐོག་མའི་སྔོན་རྩིས་འཆར་འབུལ་ལྟར་ཕྱི་ལོག་ལས་ཁ་བསྒྱུར་ལ་མ་ལྟོས་པར་མ་འོངས་སྔོན་རྩིས་འཆར་འབུལ་སྐབས་ཐུགས་སྣང་ངེས་པར་གནང་དགོས་པ་དང་། འདི་ལོར་བཀའ་ཤག་གི་སྔོན་རྩིས་མ་དངུལ་ནས་སྒོར་ས་ཡ་ ༡༠༥་༨༦ མང་བ་དང་། ཟུར་བཀོལ་ནས་སྒོར་ས་ཡ་ ༢༥༣་༠༧  ཉུང་བ་བྱེད་ཀྱི་ཡོད་པ་ཟུར་བཀོལ་ཁོངས་ནས་ཉུང་དུ་ཕྱིན་དོན་གཏན་ཉིན་སློབ་གྲྭ་ཁག་གི་འགྲོ་གྲོན་ཁོངས་ནས་སྒོར་ས་ཡ་ ༢༣༣་༤༥ ཉུང་དུ་ཕྱིན་རྐྱེན་ཡིན་པ། ཨ་རིའི་རོགས་དངུལ་ཕོན་ཆེན་ཞིག་སྨན་བཅོས་ལྟ་སྐྱོང་ལས་གཞིར་གཏོང་བཞིན་པ་ལྟར། སྨན་བཅོས་བལྟ་སྐྱོང་ནང་འཛུལ་ཞུགས་མཁན་མེད་ཚེ་དམིགས་ཡུལ་ལྟར་འགྲུབ་དཀའ་བས་མི་མང་འཛུལ་ཞུགས་གང་མང་དགོས་པའི་ལམ་སྟོན་སྔར་ལྷག་དགོས་པ། ནང་སྲིད་ཟུར་བཀོལ་ཁོངས་ནས་གཞིས་ཆགས་གཅིག་བསྡུས་ཡར་རྒྱས་ཀྱི་ལས་གཞིའི་འཆར་འབུལ་ས་གནས་མི་མང་རང་གི་དམིགས་ཡུལ་ལྟར་འགྲུབ་དཀའ་བར་བརྟེན། ས་གནས་སོ་སོའི་མང་ཚོགས་ལ་གོ་སྡུར་གནང་ཚེ་ཕན་ཐོགས་དང་རྒྱུན་གནས་ཐུབ་པར་ཕན་པ་ཆེ་བ་ཡོད་པ་བཅས་བཀོད་འདུག

སྤྱི་ཡོངས་མཐོང་ཚུལ་དོན་ཚན་ཁག་ཅིག་གི་ཐོག་དཔལ་འབྱོར་བཀའ་བློན་མཆོག་གིས་གསལ་བཤད་གནང་སོང་བ་དང་། སྤྱི་ཡོངས་མཐོང་ཚུལ་དོན་ཚན་དྲུག་པའི་ནང་དེབ་སྐྱེལ་ཡོད་པའི་ལས་ཁུངས་ཆེ་ཁག་རྣམས་ཀྱི་རྒྱུན་གྲོན་ཟུར་བཀོལ་ཁོངས་ནས་གཏོང་བཞིན་པ་དང་། དམིགས་བསལ་ལས་འཆར་གྱི་དགོས་དངུལ་སྔོན་རྩིས་མ་དངུལ་ནས་གཏོང་བཞིན་པ་གཉིས་ལས་ལོ་ལྟར་མ་དངུལ་ནས་གཏོང་བ་མང་བ་ཆགས་ཀྱི་འདུག་པས། མ་འོངས་པར་རྒྱུན་གྲོན་རྣམས་སྔོན་རྩིས་རང་ནས་གཏོང་སྟེ་ལས་འཆར་གྱི་དགོས་དངུལ་ཆ་ཚང་ལས་ཁུངས་སོ་སོ་ནས་གཏོང་ཐབས་ཡོད་མེད་དགོངས་བཞེས་དགོས་རྒྱུ་མཐོང་ཞེས་པའི་ཐད་དཔལ་འབྱོར་བཀའ་བློན་མཆོག་གིས།  མ་འོངས་པར་དངུལ་དེ་དག་དེབ་སྐྱེལ་ཚོགས་པ་སོ་སོར་གཏོང་ཐབས་གནང་བཞིན་ཡོད་ལ། མ་འདང་བའི་དངུལ་དེ་སྔོན་རྩིས་མ་དངུལ་ནས་འབུལ་ལམ་ཞུ་བཞིན་ཡོད་པ་དང་། མ་འོངས་པར་ལས་འཆར་དང་འབྲེལ་བའི་རྒྱུན་གྲོན་ག་ཚོད་ཡོད་ཀྱང་མ་དངུལ་ནས་མི་གཏོང་ཐབས་དང་ཟུལ་བཀོལ་ནས་གཏོང་ཐབས་གནང་གི་ཡིན། ཞེས་གསལ་བཤད་གནང་སོང་།

གཞན་ཡང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོའི་ནང་ལོ་འདིར་བཀའ་ཤག་གིས་སྔོན་རྩིས་མ་དངུལ་ནས་དེ་སྔོན་རྩིས་ལོའི་ནང་མེད་པ་གསར་དུ་འཆར་འབུལ་གནང་བ་ནི། དམིགས་བསལ་ཚོགས་ཆེན་ཆེད་སྤོམ་དངུལ་སྒོར་ས་ཡ་ ༡༠ དང་། རྒྱལ་སྤྱིའི་དོན་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༨ པའི་ཆེད་སྒོར་ས་ཡ་ ༡༢་༣༠ དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༦ པའི་ཆེད་སྒོར་ས་ཡ་ ༢ བཅས་འདི་ལོའི་སྔོན་རྩིས་མ་དངུལ་ནས་གསར་དུ་གཏོང་རྒྱུ་འཆར་འབུལ་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པའི་ཆེད་སྒོར་ས་ཡ་ ༡༡་༧༢ བཅས་འཆར་འབུལ་ཞུས་ཡོད་སྐོར་བཀོད་འདུག

ཡང་ཚོགས་ཆུང་གི་སྙན་ཐོའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་ཁག་ལ་རོགས་དངུལ་གནང་མཁན་ཡོད་པ་ཙམ་མིན་པར་ལས་འཆར་རྣམས་ང་ཚོས་དགོས་མཁོ་དང་འཚམས་པ་ཇི་བྱུང་བྱུང་ཡོད་མེད་སྐོར་བཀོད་པའི་ནང་། རོགས་དངུལ་ཐབས་འཚོལ་གྱིས་འཆར་འབུལ་གནང་བའི་ལས་འཆར་ཁག་རང་རེའི་དགོས་མཁོ་དང་འཚམ་པ་འདི་འདུག་ཅེས་ཞུ་དཀའ་ནའང། དཔེར་མཚོན་ཨ་རིའི་རོགས་དངུལ་བརྒྱུད་ལྔ་དང་ལྔ་བཅུའི་ཚོགས་འདུ་རིམ་པར་ཚོགས་ཟིན་པ་ཁག་གྲུབ་དོན་སྙན་ཐོ་ད་དུང་ཡང་ཐོན་མི་འདུག་ཀྱང་། མུ་མཐུད་ལྔ་དང་ལྔ་བཅུའི་མིང་ཐོག་ནས་ཚོགས་འདུ་རིམ་པར་འཚོག་འཆར་འདུག་པས་རོགས་དངུལ་གནང་བ་ལྟར། སྤྱི་ཚོགས་ལ་ཐུགས་ཕན་སོས་མིན་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་བཀོད་འདུག་སྟབས། སྤྱི་འཐུས་ཁག་ཅིག་ནས་དེ་དང་འབྲེལ་ལྔ་དང་ལྔ་བཅུའི་ཚོགས་འདུ་དེ་ཕན་ཐོགས་ཡོད་མེད་སོགས་ཀྱི་སྐོར་ནས་དགོངས་ཚུལ་གནང་སོང་བ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལྔ་དང་ལྔ་བཅུའི་གྲུབ་འབྲས་སྐོར་གྱི་སྙན་ཐོ་ཞིག་ཡིག་ཐོག་ནས་གྲ་སྒྲིག་བྱས་ཡོད་པ་དང་། མ་འོངས་པར་གྲོས་ཚོགས་ཀྱི་མདུན་ཅོག་སྟེང་འཇོག་ཐུབ་པ་གནང་རྒྱུ་ཡིན་དགོས་སྐོར་སོགས་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༣/༢༠

Leave a Reply