རྒྱ་གཞུང་གི་ཁྲིམས་ལྟར་རྒྱལ་བའི་ཡང་སྲིད་ངོས་འཛིན་དགོས་ཟེར།  

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁོང་གི་ཡང་སྲིད་རྒྱ་གར་ནང་འཁྲུང་སྲིད་སྐོར་གསུངས་པ་དེར་རྒྱ་ནག་གཞུང་གིས་ལན་འདེབས་ལྟ་བུ་བྱས་ཏེ་རྒྱ་ནག་གཞུང་ནས་གཏན་འབེབ་བྱས་པའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཁྲིམས་སྲོལ་དང་མཐུན་པ་དགོས་སྐོར་བསྒྲགས་འདུག
ཁ་སང་ཕྱི་ཚེས་ ༢༠ ཉིན་རྒྱ་ནག་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་སྟེང་། རོ་ཊར་གསར་ཁང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྐུའི་ཡང་སྲིད་སྐོར་ནས་བཅར་འདྲི་ཞུས་སྐབས། ༧རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁོང་གི་ཡང་སྲིད་རྒྱ་གར་རང་དབང་ལུང་པའི་ནང་འཁྲུང་སྲིད་པ་དང་། རྒྱ་ནག་གཞུང་གིས་མ་འོངས་པར་རྒྱལ་བའི་ཡང་སྲིད་ཅིག་ངོས་འཛིན་བྱས་པ་ཡིན་ནའང་མི་མང་གིས་བརྩི་བཀུར་འཐོབ་རྒྱུ་མིན་སྐོར་བཀའ་ལན་བསྩལ་བར་བརྟེན།  ཁ་སང་གསར་འགོད་ལྷན་ཚོགས་ཐོག་ཕྱི་འབྲེལ་མགྲིན་ཚབ་པ་ཀུན་ཧྲང་གིས།  ༧རྒྱལ་བའི་ཡང་སྲིད་ཕེབས་ཕྱོགས་དེ་སྐུ་སྒེར་གྱིས་ཐག་གཅོད་བྱེད་ཆོག་པ་ཞིག་མིན་པར་ཆོས་ལུགས་ཀྱི་སྲོལ་རྒྱུན་འགྲོ་སྟངས་དང་མཐུན་དགོས་པ་མ་ཟད། རྒྱ་ནག་དབུས་གཞུང་གི་ཆོག་མཆན་ཐོབ་དགོས་སྐོར་བརྗོད་འདུག

ཕྱི་འབྲེལ་མགྲིན་ཚབ་པ་ཀུན་ཧྲང་(Geng Shuang)གིས། ཡང་སྲིད་ལམ་ལུགས་དེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད། དེར་གཏན་འབེབ་ཀྱི་ཆོ་ག་དང་ལམ་སྲོལ་ཡོད་པ་རེད། རྒྱ་ནག་གཞུང་ལ་ཆོས་དད་རང་དབང་སྐོར་གྱི་སྲིད་བྱུས་ཡོད་ལ། ང་ཚོར་ཆོས་ལུགས་དང་འབྲེལ་བའི་གནད་དོན་ཁག་དང་བོད་བརྒྱུད་ནང་བསྟན་ཀྱི་ཡང་སྲིད་གནད་དོན་སྐོར་གྱི་སྒྲིག་ཁྲིམས་ཡོད། ང་ཚོས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལམ་སྲོལ་དེར་བརྩི་བཀུར་དང་སྲུང་སྐྱོབ་བྱེད་ཀྱི་ཡོད། ཅེས་དང་། ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ་དེ་འདས་པའི་ལོ་བརྒྱ་ཕྲག་རིང་ནས་ལག་བསྟར་བྱེད་མུས་ཡིན་པ་དང་། ཏཱ་ལའི་བཅུ་བཞི་པ་ཡང་ཆོས་ལུགས་ཀྱི་ཆོ་གའི་ཐོག་ནས་ངོས་འཛིན་དང་། དབུས་གཞུང་ནས་མོས་མཐུན་བྱུང་པ་ཞིག་རེད། དེར་བརྟེན་ཏཱ་ལའི་བླ་མའི་ཡང་སྲིད་དེ་ཡང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སྒྲིག་སྲོལ་དང་ཆོས་ལུགས་ཀྱི་ཆོ་ག་ལྟར་འགྲོ་དགོས་པ་རེད། ཅེས་བརྗོད་འདུག

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་ལིན་ཤང་མིན་(Lian Xiangmin) ཟེར་བ་ཞིག་གིས། ད་ལྟའི་ཏཱ་ལའི་བླ་མ་ཤི་ཚར་རྗེས་ད་གཟོད་ཡང་སྲིད་སྐོར་ལ་སྐད་ཆ་བཤད་ན་དོན་སྙིང་ཡོད་པ་ལས། ད་ལྟ་ཁོ་རང་ཡོད་བཞིན་དུ་དེའི་སྐོར་སྐད་ཆ་བཤད་པ་དེ་ཆོ་མེད་ཅིག་རེད། ཏཱ་ལའི་བླ་མ་བཅུ་བཞི་པས་ཁོ་རང་གི་ཡང་སྲིད་སྐོར་གྱི་སྒྲུང་མང་པོ་ཞིག་གསར་གཏོད་བྱེད་བཞིན་ཡོད་པ་རེད། ཅེས་དང་། ཏཱ་ལའི་བླ་མའི་ཡང་སྲིད་སླེབས་ཕྱོགས་དེ་ཆོས་ལུགས་ཀྱི་ལམ་སྲོལ་ལྟར་འགྲོ་དགོས་པ་མ་ཟད། ཆིང་རྒྱལ་རབས་ཀྱི་དུས་ནས་བཟུང་དབུས་གཞུང་གི་ངོས་ལེན་ངེས་པར་དུ་འཐོབ་དགོས་ཀྱི་ཡོད་པ་རེད། ཅེས་བརྗོད་ཡོད་འདུག

ཕྱི་ལོ་ ༢༠༠༧ ཟླ་ ༩ ཚེས་ ༠༡ ཉིན་ཆོས་རིག་ལས་དོན་གྱི་ཚོགས་འདུ་ཞེས་པའི་ཐོག་རྒྱ་ནག་གི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཁང་ཟེར་བ་དེས། དོན་ཚན་ ༡༤ ཅན་གྱི་༼བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་དོ་དམ་བྱེད་ཕྱོགས༽ཟེར་བའི་ཁྲིམས་སྲོལ་གསར་པ་ཞིག་ལག་བསྟར་བྱེད་མགོ་བརྩམས་ཡོད་པ་དང་།  ཁྲིམས་སྲོལ་ཡིག་ཆ་དེའི་དོན་ཚན་གཉིས་པའི་ནང་། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་སྐབས་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན་སྲུང་སྐྱོང་། བོད་བརྒྱུད་ནང་བསྟན་གྱི་ཆོ་ག་སྒྲུབ་སྲོལ་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་བརྩི་འཇོག་ཞུ་དགོས། འོན་ཀྱང་། རྩིས་མེད་དུ་བཏང་ཟིན་པའི་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་སླར་གསོ་བྱ་མི་ཆོག བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པར་རྒྱལ་ཁོངས་ཕྱིའི་རྩ་འཛུགས་དང་མི་སྒེར་སུ་ཞིག་གིས་ཐེ་ཇུས་དང་བཀོད་པར་བསྟུན་མི་དགོས། ཞེས་བཀོད་ཡོད་པ་རེད།

ཡང་སྤྲུལ་སྐུ་ཆེ་ཆུང་སུ་འདྲ་ཞིག་ཡིན་ཡང་ངོས་འཛིན་བྱེད་པར་སྲིད་གཞུང་གི་ཆོག་མཆན་དགོས་སྐོར་ཁྲིམས་སྲོལ་ཡིག་ཆའི་ནང་། ནང་བསྟན་པའི་ཁྲོད་དུ་སྙན་གྲགས་ཆེ་ཙམ་ལྡན་པ་ཡིན་ཚེ་ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་རྒྱུ་དང་། སྙན་གྲགས་ཆེན་པོ་ལྡན་པ་ཡིན་ཚེ་རྒྱལ་ཁབ་ཆོས་ལུགས་ལས་དོན་ཁང་ལ་ཆོག་མཆན་ཞུ་རྒྱུ། སྙན་གྲགས་དམིགས་བསལ་ཆེན་པོ་ལྡན་པ་ཡིན་ཚེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས ཞེས་དང་། ཚོགས་པའམ་ཡང་ན་མི་སྒེར་སུ་ཞིག་ཡིན་རུང་བླ་སྤྲུལ་གྱི་ཡང་སྲིད་ཁྱེའུ་བཙལ་འཚོལ་དང་ངོས་འཛིན་གྱི་འབྲེལ་ཡོད་བྱེད་སྒོ་རང་དགར་སྤེལ་མི་ཆོག ཅེས་དང་། ཡང་ཡིག་ཆའི་དོན་ཚན་ ༨ པའི་ནང་། ལོ་རྒྱུས་ཐོག་གསེར་བུམ་དཀྲུག་འདོན་གྱིས་ངོས་འཛིན་བྱས་པའི་བླ་སྤྲུལ་ཡིན་ཕྱིན། དེའི་ཡང་སྲིད་ངོས་འཛིན་ཞུ་སྐབས་གསེར་བུམ་དཀྲུག་འདོན་བྱ་དགོས། ཞེས་བཀོད་ཡོད་པ་རེད།

རྒྱ་ནག་ཆོས་རིག་ལས་དོན་ཁང་ཟེར་བ་དེས་ཁྲིམས་སྲོལ་དེ་གཏན་འབེབ་ལག་བསྟར་བྱས་པའི་ཕྱི་ཉིན་ཏེ་ལོ་དེའི་ཕྱི་ཟླ་ ༩ ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་དོན་ཚན་ ༧ ཅན་གྱི་ཡིག་ཆ་ཞིག་ཡོངས་བསྒྲགས་ལན་འདེབས་གནང་ཡོད་པ་དང་། ལན་འདེབས་ཡིག་ཆ་དེའི་ནང་། ཁྲིམས་སྲོལ་ཞེས་པ་དེ་ནི་ཆོ་མེད་ཁུངས་བྲལ་ཞིག་ཡིན་པ་དང་། ཡིག་ཆ་དེའི་མགོ་མཇུག་ཀུན་ཏུ་རང་ཚིག་སྔ་ཕྱི་འགལ་བ་དང་། ཞེ་འདོད་དང་ཚིག་བརྗོད་འགལ་བའི་ལྟག་ཆོད་ཀྱི་ཕུང་པོ་ཞིག་ཡིན་སྐོར་དང་། རྒྱ་ནག་དེ་ཆོས་མེད་རིང་ལུགས་ཀྱི་སྲིད་གཞུང་ཞིག་ཡིན་པ་དང་། རྩ་ཁྲིམས་ནང་ཆོས་དད་རང་དབང་ཡང་སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་དུ་བཞག་བཞིན་དུ་རྒྱལ་ནང་གི་ཆོས་ལུགས་ཡོངས་སུ་རྫོགས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཡོངས་ལ་སྲིད་དོན་གྱི་དགོས་མཁོ་དང་བསྟུན་ཏེ་བཙན་དབང་གི་ལམ་ནས་ཐེ་བྱུས་སྟངས་འཛིན་བྱེད་བཞིན་ཡོད་སྐོར་དང།  སྤྲུལ་སྐུ་ངོས་འཛིན་བྱེད་ཚུལ་དར་བ་ནས་བཟུང་ད་བར་ལོ་གྲངས་བརྒྱ་ཕྲག་མང་པོའི་རིང་བླ་མ་སོ་སོའི་ཞལ་སློབ་དང་། རང་གི་གདན་སའི་སྣེ་མོ་བ་རྣམས་ཀྱིས་དད་པ་དང་དམ་ཚིག་གིས་རང་དབང་དུ་སྤྲུལ་སྐུ་ངོས་འཛིན་བྱེད་པ་ལས། རྒྱལ་ཁབ་དང་སྒྲིག་འཛུགས་ཀྱི་བཀའ་འཁྲོལ་ཞུ་དགོས་པའི་དུས་ཚོད་བྱུང་མ་མྱོང་། ཞེས་བཀོད་འདུག

ཡང་རྒྱ་ནག་གི་ཁྲིམས་སྲོལ་གྱི་དོན་ཚན་ ༨ པའི་ནང་གསེར་བུམ་དཀྲུག་འདོན་སྐོར་ལ་ལན་འདེབས་ནང་། ལོ་རྒྱུས་ཐོག་གསེར་བུམ་དཀྲུགས་ཏེ་ངོས་འཛིན་བྱེད་པའི་སྤྲུལ་སྐུ་རྣམས་ཀྱི་ཡང་སྲིད་ངོས་འཛིན་ཐད་གསེར་བུམ་དཀྲུག་འདོན་ལག་ལེན་བྱ་རྒྱུ་ཞེས་འཁོད་པ་ནི་རྒྱ་དམར་གཞུང་གིས་སྐབས་སོ་སོའི་དགོས་མཁོ་དང་བསྟུན་རང་འདོད་བསྒྲུབ་རྒྱུའི་ཐབས་ལམ་ཞིག་སྟེ། དཔེར་ན་༧པཎ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་ལ་གསེར་བུམ་དཀྲུག་མི་དགོས་པར་ཐག་གཅོད་ཡོང་ཐབས་བྱས་པ་དང་། སྐུ་ཕྲེང་བཅུ་པའི་ཡང་སྲིད་སྲོལ་རྒྱུན་དང་ཆོས་ཕྱོགས་ཀྱི་ལམ་སྲོལ་ལྟར་ངོས་འཛིན་ཟིན་རྗེས་སླར་ཡང་གསེར་བུམ་དཀྲུགས་དགོས་པའི་བཙན་བཀའ་བཏང་བ་མ་ཟད། གསེར་བུམ་དཀྲུགས་པའི་ཆོ་ག་སྲོལ་རྒྱུན་ལྟར་མ་བྱས་པའི་ཁར། འོས་སྤྲུལ་ཡོངས་ཀྱི་མཚན་མ་བཅུག་པར་རང་འདོད་ཀྱི་འོས་སྤྲུལ་དབང་ཤེད་ཀྱིས་བཅུག་པ་དང་། དེ་ཡང་ཤོག་སྟེགས་བཅུག་པ་སོགས་ཆོས་དང་སྲོལ་རྒྱུན། ལོ་རྒྱུས། ཡ་རབས་བཟང་སྤྱོད་གང་ལའང་མ་བསྟུན་པར་གཞུང་གཅིག་གིས་སྐབས་སོ་སོའི་སྲིད་དོན་གྱི་དགོས་མཁོ་དང་བསྟུན་ཏེ་ཐག་གཅོད་སྔ་རྗེས་མ་འདྲ་བ་གཉིས་བྱས་པ་ཀུན་གྱི་ཤེས་ཚོར་ཡོད་པ་དེ་རེད། ཅེས་བཀོད་ཡོད་འདུག

ཁྲིམས་སྲོལ་ཡིག་ཆ་དེའི་ནང་རྒྱལ་ཁོངས་ཕྱི་ལོགས་ཀྱི་སྒྲིག་འཛུགས་དང་མི་སྒེར་སུ་འདྲ་ཞིག་གིས་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཐོག་ཐེ་ཇུས་བྱེད་མི་ཆོག་སྐོར་བཀོད་པ་དེའི་ལན་འདེབས་སུ། དེ་ནི་རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་བོན་བཅས་པའི་བླ་ཆེན་དབུ་འཁྲིད་རྣམས་བཙན་བྱོལ་དུ་བཞུགས་ཡོད་པར་བརྟེན། སྒྲིག་སྲོལ་འདིའི་བརྒྱུད་ནས་བོད་ནང་གནས་སྡོད་ནང་ཆོས་རྗེས་འཇུག་པ་རྣམས་སོ་སོའི་བླ་ཆེན་རྣམས་དང་ཁ་བྲལ་དུ་གཏོང་རྒྱུ་དང་། བོད་ཀྱི་ཆེས་མཐོའི་བླ་སྤྲུལ་ཁག་གི་ཡང་སྲིད་རྫུན་མ་གཞུང་གིས་དམིགས་འཛུགས་བྱ་རྒྱུ་དང་། ལྷག་པར་ཕྱིའི་ཡུལ་གྲུ་ཁག་ཏུ་འཁྲུངས་པའི་ཡང་སྲིད་འཁྲུལ་བྲལ་རྣམས་རྩིས་མེད་གཏོང་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་དེར་སྐྱོན་བརྗོད་གནང་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༣/༢༠

Leave a Reply

One thought on “རྒྱ་གཞུང་གི་ཁྲིམས་ལྟར་རྒྱལ་བའི་ཡང་སྲིད་ངོས་འཛིན་དགོས་ཟེར།  

  1. གཞུང་པ་ཚེ་དབང་བསོད་ནམའ་

    ཆོས་དུག་ལ་ངོས་འཛིན་བྱེད་མཁན་གྱི་རྒྱ་ནག་སྲིད་
    གཞུང་ནས་གོང་ས་མཆོག་གི་དབུས་པའི་བོད་ཀྱི་བླ་
    སྤུལ་ངོས་འཛིན་ག་འདྲ་བྱས་གནང་ག་ཧཧཧཆོས་དུག་
    ལ་རྩིས་ནས་ཆོས་ལུགས་ཀྱི་བླ་སྤྲུལ་ངོས་འཛིན་གནང་
    རྒྱུ་དེ་རྒྱ་ནག་དམར་གཞུང་རང་ཤི་རྒྱག་འདོད་མ་རེད་
    དམ་ཧཧཧའཛམ་གླིང་གི་ནང་པ་ཚང་མས་ཐུགས་བསམ་
    བཞེས་དང།